ཊོམ་ལ་རྒྱལ་ཁབ་གཞན་གྱི་སྲིད་འཛིན་བཙན་ཁྲིད་བྱེད་ཐབས་བྱས་པའི་ཉེས་འཛུགས་བྱས་འདུག

འཛམ་གླིང་ཡོངས་ཏོག་དབྱིབས་ནད་དུག་བཀག་འགོག་ཐོག་འབད་བརྩོན་བྱེད་བཞིན་པའི་སྐབས་དེར། ལྷོ་ཨ་མི་རི་ཀའི་ནང་གི་རྒྱལ་ཁབ་ཝི་ནི་ཛུ་ལའི་ནང་དུ་ཨ་རིའི་དམག་གི་རྒྱབ་ལྗོངས་ཡོད་མཁན་སོགས་ཀྱི་མི་སྣ་ཁག་ཅིག་འཛིན་བཟུང་བྱུང་ནས། དེ་དག་ནི་རྒྱལ་ཁབ་དེའི་སྲིད་འཛིན་བཙན་ཁྲིད་དམ་དམར་གསོད་གཏོང་བའི་ལས་དོན་ཆེད་དུ་སླེབས་པའི་ཉེས་འཛུགས་དང་དེ་ནི་ཨ་རིའི་སྲིད་འཛིན་ཊོམ་གྱི་སྲིད་གཞུང་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་འདུག

ཟླ་༥ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༦ ཉིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝི་ནི་ཛུ་ལ་(Venezuela)ཡི་གཞུང་འབྲེལ་བརྙན་འཕྲིན་ཐོག་ཏུ། ཨ་རིའི་མི་སེར་ཞིག་གིས་ཁོ་ནི་ཝི་ནི་ཛུ་ལའི་སྲིད་འཛིན་ཨ་རིར་བཙན་ཁྲིད་བྱས་ཏེ། རྒྱལ་ཁབ་དེ་བཅིང་གྲོལ་གཏོང་བའི་འཆར་གཞི་འཐེན་མཁན་གྲས་སུ་ཡོད་པ་ངོས་ལེན་བྱས་པའི་བརྙན་ཐུང་ཞིག་བསྟན་འདུག དེའི་རྗེས་སུ་རྒྱལ་ཁབ་དེའི་སྲིད་འཛིན་མཱ་རྡུ་རཱོ་ཡིས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཝི་ནི་ཛུ་ལར་བཙན་འཛུལ་བྱས་ཏེ་ཁོང་གི་དབང་ཆ་བཙན་འཕྲོག་བྱེད་ཐབས་བྱས་ཡོད་པའི་ཉེས་འཛུགས་བྱས་འདུག

འཛིན་བཟུང་བྱུང་བའི་མི་གཉིས་ཀྱི་ངོས་འཛིན་ལག་ཁྱེར།

དེ་ཡང་ཝི་ནི་ཛུ་ལ་སྲིད་གཞུང་གིས་བརྗོད་ཚུལ་ལྟར་ན། ཟླ་༥ པའི་ཚེས་༣ ཉིན་མཚོ་ཐོག་ནས་ཝི་ནི་ཛུ་ལར་འཛུལ་ཐབས་བྱེད་མཁན་གྱི་དམག་ཆས་སྤྲད་པའི་རུ་ཁག་ཅིག་བཀག་འགོག་བྱས་ཐུབ་ཡོད་པ་དང་། དེའི་ཁྲོད་མི་སྣ་༨ བསད་ཡོད་ཁར། གཞན་རྣམས་འཛིན་བཟུང་ཐུབ་ཡོད་པ་དང་། དེའི་ཁྲོད་མི་སྣ་གཉིས་ལ་ཨ་རིའི་མི་སེར་ལག་ཁྱེར་ཡོད་ཁར། ཨ་རིར་ཡོད་པའི་བདེ་སྲུང་ཚོང་ལས་ཁང་ཞིག་དང་འབྲེལ་བ་ཡོད་པ། དེ་གཉིས་ནི་ཨ་རིའི་བདེ་སྲུང་དམག་མི་ཡིན་སྐོར་བསྒྲགས་འདུག ཨ་རིའི་གསར་ཁང་ཁག་གིས་འཛིན་བཟུང་བྱས་པའི་མི་སྣ་དེ་གཉིས་ཀྱི་ཨ་རིའི་དམག་མི་ཟུར་པ་ཡིན་པ་ལས་ད་ཡོད་མིན་སྐོར་བརྗོད་འདུག

ཨ་རི་གཙོས་པའི་རྒྱལ་ཁབ་༦༠ ལྷག་གིས་རྒྱལ་ཁབ་གིས་ཝི་ནི་ཛུ་ལའི་ལས་ཁུར་སྲིད་འཛིན་མཱ་རྡུ་རཱོ་ཁྲིམས་མཐུན་སྲིད་འཛིན་མིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༡༨ ལོའི་འོས་བསྡུ་དེ་ནི་དྲང་བདེན་བྱུང་མེད་པ་ངོས་འཛིན་གྱིས། ཕྱོགས་འགལ་སྲིད་འཛིན་འོས་མི་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག་པས། ད་ཡོད་སྲིད་འཛིན་གྱིས་དེ་སྔོན་ནས་ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཁོང་གི་སྲིད་དབང་བཙན་འཕྲོག་བྱེད་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ལྟར། ཐེངས་འདིར་ཁོང་གི་སྲིད་དབང་བཙན་འཕྲོག་དང་རྒྱལ་ཁབ་དེར་བཙན་འཛུལ་བྱེད་པའི་འཆར་གཞི་འཐེན་མཁན་ཁོངས་ནས་གཙོ་བོ་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཡིན་པའི་ཉེས་འཛུགས་བྱས་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་གནད་དོན་དེ་དང་ཁོང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་འདུག་པ་དང་། ཕྱི་སྲིད་བློན་ཆེན་གྱིས་ཝི་ནི་ཛུ་ལར་འཛིན་བཟུང་བྱས་ཡོད་པའི་མི་སེར་དེ་གཉིས་ཚུར་ལེན་ཐབས་གང་ཡོང་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་ཡང་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ནང་ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས། སོ་སོའི་ཁེ་ཕན་དང་བསྟུན་ནས་རྒྱལ་ཁབ་གཞན་གྱི་སྲིད་དབང་ནང་ཐེ་བྱུས་བྱས་ཡོད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་རེད། དེ་སྔོན་ཏུར་ཀིའི་སྲིད་འཛིན་གྱིས་ཀྱང་ཨ་རིར་དེ་ལྟར་སྐྱོན་བརྗོད་བྱེད་མྱོང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།