ཊོམ་ལ་ཨ་རིའི་འོས་བསྡུའི་ལྷན་ཚོགས་ནང་མང་མོས་རྒྱབ་སྐྱོར་ཐོབ་པ།

15645544_1358502190840313_39611751_nཨ་རིའི་སྲིད་འཛིན་འདེམས་ཐོན་སྐུ་ཞབས་ཊོ་ནལ་ཊོམ་ལ། ཨ་རིའི་འོས་བསྡུའི་ལྷན་ཚོགས་ཀྱིས་དགོས་ངེས་འོས་གྲངས་༢༧༠ ཐོབ་ནས་སྲིད་འཛིན་དངོས་སུ་འདེམས་ཐོན་བྱུང་ཡོད་འདུག་པ་དང་། གཞུང་འབྲེལ་གྱི་འོས་གྲངས་ཁ་གསལ་དེ་ཟླ་༡ པོའི་ཚེས་༦ ཉིན་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག

དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སྐུ་ཞབས་ཊོམ་གྱིས་ཨ་རིའི་སྲིད་འཛིན་འོས་བསྡུར་རྒྱལ་ཁ་བླངས་ནས་བདུན་ཕྲག་དྲུག་རྗེས། དེ་རིང་ཁོང་ལ་འོས་བསྡུའི་ལྷན་ཚོགས་ཀྱི་ཚོགས་མི་༥༣༨ ཀྱིས་འོས་འཕངས་ནས་ཁོང་ལ་དགོས་ངེས་ཀྱི་འོས་གྲངས་༢༧༠ བརྒལ་ནས། སྲིད་འཛིན་འོས་ཐོབ་ཀྱི་མཐའ་མའི་ཐག་གཅོད་བྱུང་ཡོད་འདུག

འོས་ཐོབ་དེར་སྐུ་ཞབས་ཁོང་གིས་རྒྱབ་སྐྱོར་བ་ཚང་མར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། རྒྱལ་ཁབ་ཆིག་སྒྲིལ་ཡོང་ཐབས་ལ་ཧུར་བརྩོན་བྱེད་རྒྱུ་དང་། ཨ་རིའི་མི་སེར་ཚང་མའི་སྲིད་འཛིན་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

སྤྱིར་བཏང་སྲིད་འཛིན་འོས་མི་ཞིག་གིས་དངོས་གཞིའི་འོས་བསྡུའི་སྐབས་རྒྱལ་ཁ་བླངས་རྗེས། ཨ་རིའི་འོས་བསྡུའི་ལྷན་ཚོགས་ཀྱི་འོས་བསྡུས་སྲིད་འཛིན་འདེམས་ཐོན་བྱུང་མ་ཐུབ་པ་ཡོང་རྒྱུ་དཀའ་ལས་ཁག་པོ་ཡིན་འདུག་པ་དང་། ཐེངས་འདིར་ཨ་རིའི་འོས་བསྡུའི་ནང་ཨུ་རུ་སུས་དྲ་ཐོག་ཇབ་རྒོལ་དང་ཐེ་ཇུས་བྱས་པའི་གླེང་སློང་མང་བའི་རྐྱེན། འོས་བསྡུའི་ལྷན་ཚོགས་ཀྱི་ཚོགས་མིར་ཁ་པར་དང་གློག་འཕྲིན་སོགས་ཀྱི་ཐོག་ནས། མི་མང་པོ་ཞིག་གིས་སྐུ་ཞབས་ཊོམ་ལ་རྒྱབ་སྐྱོར་མི་བྱེད་པའི་ཞུ་གཏུག་བྱས་པ་དང་། ངོ་རྒོལ་ཁྲོམ་སྐོར་ཡང་བྱས་ཡོད་འདུག་ཀྱང་། ཁོང་ལ་དགོས་ངེས་ཀྱི་འོས་གྲངས་དེ་ཐོབ་ཟིན་ཡོད་པ་རེད་འདུག

ཟླ་༡ པའི་ཚེས་༢༠ ཉིན་ནས་སྐུ་ཞབས་ཊོམ་གྱིས་ཨ་རིའི་སྲིད་འཛིན་༤༥ པའི་ལས་འགན་ཁུར་འགོ་འཛུགས་རྒྱུ་ཡིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།