ཊོམ་སྲིད་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་གཏོར་བརླག་གཏོང་བའི་“དམག་བྱུས་”འཐེན་བཞིན་ཡོད་ཟེར། 

ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་པ་སི་ཊི་ཝི-བྷེ་ནོན་(Steve Bannon) གྱིས་བརྗོད་པ་ལྟར་ན། ཊོམ་སྲིད་གཞུང་ནས་ཐོག་མར་རྒྱ་ནག་དམར་ཤོག་ཚོགས་པ་ལ་དངོས་སུ་གདོང་ཐུག་བྱས་ཏེ་དེ་ནས་གཏོར་བརླག་གཏོང་བའི་“དམག་བྱུས་”འཐུས་ཚང་ཞིག་འཐེན་བཞིན་ཡོད་འདུག 

ཕྱི་ཟླ་༧ ཚེས་༢༠ རེས་གཟའ་ཟླ་བའི་ཉིན་ཨ་རིའི་ཧྥོ་ཁི་སི་གསར་ཁང་(Fox News) ནས་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་པ་ཁོང་ལ་བཅར་འདྲི་ཞིག་བྱས་པའི་ཐོག ཁོང་གིས་“ང་ཚོས་[ཊོམ་སྲིད་གཞུང་ནས་]རྒྱ་ནག་དམར་ཤོག་ཚོགས་པ་དང་ཐོག་མར་གདོང་ཐུག་བྱས་ཏེ་དེ་ནས་གཏོར་བརླག་གཏོང་བའི་དམག་བྱུས་འཐུས་ཚང་ཞིག་འཐེན་བཞིན་པ་མཐོང་ཐུབ་”ཅེས་བཤད་པའི་ཐོག རྒྱ་ནག་ལ་ཁ་གཏད་གཅོག་པའི་“དམག་བྱུས་”འདིའི་ནང་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་དང་རྒྱ་གར་གྱི་ས་མཚམས་རྩོད་རྙོག་ཐོག་མཐུན་གྲོགས་རྒྱ་གར་ལ་རྒྱབ་སྐྱོར་བྱེད་རྒྱུ་སོགས་འདུས་ཡོད་ཅེས་བསྣན་འདུག

བྷེ་ནོན་གྱིས་སྲིད་འཛིན་ཊོམ་གྱི་“དམག་བྱུས་བཀོད་འདོམས་ལྷན་ཚོགས་”ནས་རྒྱ་ནག་དམར་ཤོག་ཚོགས་པར་ཁ་གཏད་གཅོག་མཁན་གྱི་མི་སྣ་གཙོ་བོ་བཞི་བསྐོ་བཞག་བྱས་ཡོད་ཅེས་བཤད་འདུག་ཅིང་། དེ་དག་བཞི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་སྟོན་པ་རོ་བྷར་ཊི-ཨོ་བྷི་རན་(Robert O’Brien) དང་། རྒྱལ་ཁབ་ཀྱི་ཉེས་དོན་ཞིབ་དཔྱོད་ཁང་(FBI) གི་དབུ་འཛིན་ཁུ་སི་ཊི་ཧྥར-རེ།(Christopher Wray) ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕའོ། (Mike Pompeo) དེ་བཞིན་ཁྲིམས་དཔོན་ཝེ་ལམ-བྷར་(William Barr) བཅས་ཡིན་འདུག 

མི་བཞི་པོ་འདིས་རྒྱ་ནག་ལ་ཇི་ལྟར་ཁ་གཏད་བཅག་དང་གཅོག་འཆར་ཡོད་པའི་སྐོར་ལ་སི་ཊི་ཝི-བྷེ་ནོན་གྱིས་བརྗོད་དོན། “མི་བཞི་པོ་འདིས་དཔལ་འབྱོར་དང་། ཆ་འཕྲིན། འཕྲུལ་རྩལ་བཅས་ཀྱི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་བྱེད་པའི་དམག་བྱུས་གོ་རིམ་ལྡན་ཞིང་འཐུས་སྒོ་ཚང་བ་ཞིག་འཐེན་ཡོད་པ་དང་། དེ་རྗེས་ཨ་རིས་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ལྷན་དུ་ལྷོ་རྒྱ་ནག་རྒྱ་མཚོ་སྒོ་འབྱེད་དང་། རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་དང་རྒྱ་གར་གྱི་ས་མཚམས་སུ་མཐུན་གྲོགས་རྒྱ་གར་ལ་རྒྱབ་སྐྱོར་བྱེད་ངེས་རེད།”

སི་ཊི་ཝི-བྷེ་ནོན་ནི་དེ་སྔོན་སྲིད་ཊོམ་སྲིད་གཞུང་གི་སློབ་སྟོན་པ་ཡིན་ཡང་། ཕྱི་ལོ་༢༠༡༧ ལོར་ཕྱིར་ཕུད་བཏང་བའམ་དགོངས་པ་ཞུས་པ་ཡིན་ཁ་གསལ་མེད་པའི་ཐོག་ནས་ལས་གནས་དེ་ལས་བྲལ་རྗེས། སྤྱི་ཚོགས་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་སོགས་ཀྱི་སྡིངས་ཆ་དང་གོ་སྐབས་ནམ་བྱུང་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་སྐྱོན་མཚངས་རྣམས་ཐེར་འདོན་བྱེད་མཁན་ཞིག་ཡིན། །

གསར་འགོད་པ་དཀོན་མཆོག་རབ་བརྟན།