ཊོམ་སྲིད་འཛིན་ཆགས་པ་ནས་ཨ་རིའི་རྩ་ཁྲིམས་སྦོ་ལུག་པའི་འགོ་བཙུགས་སོང་ཞེས་བརྗོད་འདུག

wion གསར་ཁང་གི་པར།

ཨ་རིའི་སྲིད་འཛིན་གྱིས་གཟའ་ཕུར་བུའི་ཉིན་ཨ་རིའི་དབུས་གཞུང་གི་ཤེས་རིག་ལྷན་ཁང་མེད་པ་བཟོ་རྒྱུའི་བཀའ་བཏང་ཡོད་འདུག་པར་བརྟེན། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གྲགས་ཅན་(Chuck Schumer)ཡིས་སྲིད་འཛིན་ཊོམ་གྱི་བཀའ་རྒྱ་དེ་ནི་ཧ་ཅང་གིས་ཉེན་ཁ་ཅན་ཞིག་ཡིན་པ་དང་། ངེས་པར་དུ་བཀའ་རྒྱ་དེ་བཀའ་འགོག་བྱེད་དགོས་པ་དང་། ཊོམ་སྲིད་འཛིན་ཆགས་པ་ནས་ཨ་རིའི་རྩ་ཁྲིམས་སྦོ་ལུག་པའི་འགོ་བཙུགས་སོང་ཞེས་བརྗོད་འདུག

ཕྱི་ཚེས་༢༡ ཉིན་རྒྱ་གར་གྱི་(wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གྲགས་ཅན་(Chuck Schumer)ཡིས་བརྗོད་དོན་ལ། གཟའ་ཕུར་བུའི་ཉིན་སྲིད་འཛིན་ཊོམ་གྱིས་ཨ་རིའི་དབུས་གཞུང་གི་ཤེས་རིག་ལྷན་ཁང་མེད་པ་བཟོ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། དེ་ནི་ཨ་རིའི་དམངས་གཙོ་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་ཡིན་ཞིང་། སྲིད་འཛིན་ཊོམ་གྱིས་དབང་ཆ་གཅིག་སྡུད་བྱེད་ཀྱི་འདུག་ཅེས་བརྗོད་ནས་སྐྱོན་བརྗོད་བྱས་འདུག ཊོམ་གྱིས་ཨ་རིའི་ཤེས་རིག་ལྷན་ཁང་དེ་དགོས་ཀྱི་མེད་པ་དང་། དེ་ལས་མངའ་སྡེ་སོ་སོ་ཡིས་ཤེས་རིག་ལྷན་ཁང་འཛིན་སྐྱོང་བྱས་ན་ལེགས་ཚུལ་བརྗོད་ནས། དབུས་གཞུང་གིས་ཤེས་རིག་ལྷན་ཁང་ལྟ་རྟོག་བྱེད་མི་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

ཕོ་བྲང་དཀར་པོ་ནས་བརྗོད་དོན་ལ། དབུས་གཞུང་གི་སྟངས་འཛིན་འོག་ཡོད་པའི་ད་ལྟའི་ཤེས་རིག་ལྷན་ཁང་དེ་ནི་དངུལ་འཕྲོག་བརླག་ཡིན་པར་རྗོད་ཀྱི་ཡོད་འདུག གྲོས་ཚོགས་འཐུས་མི་ཁོང་གིས་བརྗོད་དོན་ལ། གལ་སྲིད་ཤེས་རིག་ལྷན་ཁང་དེ་དབུས་གཞུང་གི་སྟངས་འཛིན་འོག་མེད་པ་བཟོས་ན་དེའི་ཤུགས་རྐྱེན་ངན་པ་དེ་སློབ་མའི་ཕ་མ་དང་། དགེ་རྒན། སློབ་གྲྭའི་འཛིན་སྐྱོང་སོགས་ཨ་རིའི་སློབ་མ་ཚང་མ་ལ་ཡོང་རྒྱུ་ཡིན་པ་དང་། ད་ལྟ་ཨ་རིའི་སློབ་མ་ཚང་མ་ལ་འདྲ་མཉམ་ཐོག་ནས་ཤེས་ཡོན་སློབ་སྦྱོང་འཐོབ་ཀྱི་ཡོད་པ་རྣམས་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པར་བརྗོད་ནས། སྲིད་འཛིན་ཊོམ་གྱི་ཐག་གཅོད་དེ་ནི་ཧ་ཅང་ཚབས་ཆེན་པོ་ཡིན་པར་བརྗོད་འདུག དེ་བཞིན་ཨ་རིའི་ནང་གི་དངོས་ཟོག་རྣམས་ལ་བཀལ་བའི་སྒོ་ཁྲལ་ཇེ་མཐོ་རུ་འགྲོ་བཞིན་ཡོད་ཅིང་། སློབ་གྲྭ་མང་པོ་ཞིག་གི་ཤེས་ཡོན་སྤུས་ཚད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས། སྲིད་འཛིན་ལ་ནམ་ཡང་ཤེས་རིག་ལྷན་ཁང་མེད་པ་བཟོ་རྒྱུའི་ཆོག་མཆན་ཡོད་མ་རེད་ལ། ཡོད་པ་བཟོ་རྒྱུའི་ཆོག་མཆན་ཡང་ཡོད་མ་རེད། ཨ་རིའི་གྲོས་ཚོགས་འོག་མ་གཅིག་པུར་དབང་ཆ་དེ་ཡོད་པས། ཨ་རིའི་ཁྲིམས་ཁང་གི་ངོས་ནས་སྲིད་འཛིན་ཊོམ་གྱིས་དབང་ཆ་འདོད་རྔམ་བྱེད་བཞིན་པ་དེ་མཚམས་འཇོག་བྱེད་དགོས་པ་རེད་ཅེས་བརྗོད་འདུག 

གྲོས་ཚོགས་འཐུས་མི་ཁོང་ལ་(NBC)བཅར་འདྲི་བྱས་འདུག་པ་དང་། སྐབས་དེ་དུས་ཁོང་གིས་ད་ཆར་ཨ་རིའི་རྩ་ཁྲིམས་སྦོ་ལུག་བཞིན་ཡོད་པ་དང་། ཉེ་ཆར་ཨ་རིའི་ནང་དུ་ཡོད་པའི་ཝེ་ནེ་ཛུ་ལའི(Venezuelan)ཕྱི་མི་ཁག་ཅིག་ཕྱིར་འཕུད་གཏོང་སྐབས་ཨ་རིའི་ཁྲིམས་ཁང་གིས་བཀག་འགོག་བྱས་ཡོད་ཀྱང་།  སྲིད་འཛིན་ཊོམ་གྱིས་ཁྲིམས་དཔོན་དེ་ཕྱིར་འཕུད་གཏོང་དགོས་པར་བརྗོད་ཡོད་འདུག་པས།  ཁྲིམས་ཁང་གི་བཀའ་མི་བརྩི་བའི་དུས་ཚོད་སླེབ་དུས་རྩ་ཁྲིམས་བེད་སྤྱོད་མེད་པ་འགྱུར་བཞིན་ཡོད་རེད་ཅེས་བརྗོད་འདུག 

དེ་བཞིན་ཁོང་གིས་ད་ཆར་ཨ་རིའི་དམངས་གཙོ་ལ་ཉེན་ཁ་སླེབ་བཞིན་ཡོད། སྲིད་འཛིན་ཊོམ་གྱིས་ཨ་རིའི་རྩ་ཁྲིམས་ལ་མི་བརྩི་བ་དང་། ཁྲིམས་མེད་ལུགས་མེད་ཀྱི་ཐོག་ནས་གང་བྱུང་བཀའ་གཏོང་གི་ཡོད། སྲིད་འཛིན་ཁོང་གིས་རང་ཉིད་རྒྱལ་པོ་ཡིན་པའི་སྣང་བ་ཤར་ནས་གང་འདོད་བྱེད་ཀྱི་ཡོད་ཅེས་བརྗོད་འདུག འོན་ཀྱང་། ང་ཚོས་མུ་མཐུད་ནས་ཁོ་ལ་ཁ་གཏད་གཅོག་རྒྱུ་ཡིན་པ་དང་། ང་ཚོ་ལ་སྲིད་འཛིན་ཊོམ་དང་འབྲེལ་བའི་གནད་དོན་༡༠༠ ཡི་ཁ་མཆུ་ཡོད་པས། ང་ཚོ་ལ་རྒྱལ་ཁ་འཐོབ་ཀྱི་རེད་ཅེས་བརྗོད་འདུག ཨ་རིའི་ཤེས་རིག་ལྷན་ཁང་མེད་པ་བཟོ་རྒྱུ་སྲིད་འཛིན་གྱིས་བཀའ་བཏང་ཟིན་ན་ཡང་། གྲོས་ཚོགས་འོག་མའི་ནང་མང་མོས་ཀྱི་རྒྱབ་སྐྱོར་མེད་ན་སྒོ་རྒྱག་ཆོག་གི་ཡོད་མི་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།