ཊོམ་སྲིད་འཛིན་བསྐྱར་དུ་ཆགས་ཚེ་པཱེ་ལི་སེ་ཐན་མི་མང་ལ་རྐྱེན་ངན་གོད་ཆགས་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག 

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨི་ཛེ་རིལ་ལ་རྒྱབ་སྐྱོར་ལས་དོན་མང་པོ་ཞིག་སྤེལ་ཡོད་རྐྱེན། གལ་ཏེ་ཁོང་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ཚེ། པཱེ་ལི་སེ་ཐན་མི་མང་དང་འཛམ་གླིང་ཡོངས་སུ་རྐྱེན་ངན་གོད་ཆགས་ཆགས་རྒྱུ་ཡིན་སྐོར་པཱེ་ལི་སེ་ཐན་སྲིད་བློན་གྱིས་བརྗོད་འདུག 

ཟླ་༡༠ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། པཱེ་ལི་སེ་ཐན་གྱི་སྲིད་བློན་(Mohammad Shtayyeh)ཡིས་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ནང་དུ་དྲ་ཐོག་ནས་གཏམ་བཤད་བྱས་པའི་སྐབས་སུ། ཨ་རིའི་སྲིད་འཛིན་དུ་ཌོ་ནལ་ཊོམ་འདེམས་ཐོན་བྱུང་ནས་ད་བར་ལོ་བཞིའི་རིང་། ཊོམ་སྲིད་གཞུང་གིས་པཱེ་ལི་སེ་ཐན་མི་མང་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་པ་དང་། གལ་ཏེ་སྲིད་འཛིན་ཊོམ་སྲིད་གཞུང་ད་དུང་ལོ་བཞི་གནས་ཚེ། པཱེ་ལི་སེ་ཐན་དང་འཛམ་གླིང་ཡོངས་ལ་རྐྱེན་ངན་གོད་ཆགས་ཆེན་པོ་འབྱུང་རྒྱུ་ཡིན་སྐོར་བརྗོད་འདུག 

དེ་བཞིན་ཁོང་གིས་གལ་ཏེ་ཨ་རིའི་ནང་འགྱུར་བ་སོང་ཚེ། དེས་པཱི་ལི་སེ་ཐན་དང་ཨི་ཛེ་རིལ་བར་གྱི་འབྲེལ་ལམ་ཐོག་ཐད་ཀར་མངོན་རྒྱུ་ཡིན་པ་དང་། ཨ་རི་དང་པཱེ་ལི་སེ་ཐན་གྱི་འབྲེལ་ལམ་ཐོག་ཏུ་ཡང་མངོན་རྒྱུ་ཡིན་སྐོར་བརྗོད་འདུག དེ་ཡང་ཁོང་གིས་འགྱུར་བ་དེ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་ལ་བརྗོད་ཀྱི་འདུག 

སྤྱིར་བཏང་པཱེ་ལི་སེ་ཐན་གྱིས་ལམ་ལུགས་ཐོག་ནས་ཨ་རིའི་སྲིད་འཛིན་འོས་བསྡུ་ཐོག་ལ་བསམ་ཚུལ་བརྗོད་རྒྱུར་འཛེམས་གྱི་ཡོད་འདུག་ཀྱང་། ཐེངས་འདིར་པཱེ་ལི་སེ་ཐན་གྱི་སྲིད་བློན་གྱི་སྐད་ཆ་དེས། ཊོམ་སྲིད་གཞུང་གི་ཐག་གཅོད་རིམ་པས་པཱེ་ལི་སེ་ཐན་ལ་གྱོང་གུད་ཆེན་པོ་ཐེབས་པར་འ་ཆད་འུ་ཐུག་ཡོད་པའི་བརྡ་གསལ་པོ་སྟོན་གྱི་ཡོད་པ་རེད་འདུག 

དེ་ཡང་ཕྱི་ལོ་༢༠༡༧ ལོར་ཊོམ་སྲིད་གཞུང་གིས་བདག་དབང་ཐོག་རྩོད་རྙོག་ཆེ་བའི་གནས་ཆེན་ཇུ་རུ་སི་ལམ་གནས་ཆེན་དེ་ཇིའུ་ཆོས་ལུགས་ཀྱི་རྒྱལ་ཁབ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱས་པ་དང་། ཨ་རིའི་གཞུང་ཚབ་དེ་གར་གནས་སྤོ་བྱེད་རྒྱུ་ཐག་གཅོད་བྱས་རྐྱེན། ཁ་ཆེ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༥༧ གྱིས་ངོ་རྒོལ་བྱས་ཡོད་པ་དང་། ཧྥ་རན་སི་དང་འཇར་མན། དབྱིན་ཡུལ་སོགས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་༡༢༨ ཀྱིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐོག་ཏུ། སྲིད་འཛིན་ཊོམ་གྱི་ངོས་འཛིན་དེ་ཁྲིམས་ཐོག་ནས་རྩིས་མེད་ཡིན་པ་དང་། ཨ་རིས་ངོས་འཛིན་དེ་ཕྱིར་འཐེན་བྱེད་དགོས་པའི་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། ཇུ་རུ་སི་ལམ་དེ་ནི་ཇིའུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས། དེ་བཞིན་ཡེ་ཤུ་ཆོས་ལུགས་བཅས་ཀྱིས་གནས་རྩ་ཆེན་ལ་བརྩི་ཡི་ཡོད་པ་དང་། ད་ལྟའི་ཆར་ཇིའུ་ཆོས་ལུགས་ཡིན་པའི་ཨཱི་ཛེ་རིལ་རྒྱལ་ཁབ་དང་ཁ་ཆེ་ཆོས་ལུགས་ཀྱི་རྒྱལ་ཁབ་པེ་ལི་སེ་ཐན་གཉིས་ཀྱིས་གྲོང་ཁྱེར་དེའི་བདག་དབང་ལ་རྩོད་ཀྱི་ཡོད་པས། རྩོད་རྙོག་དེ་ཞི་བའི་ངང་སེལ་ཆེད་དུ་གྲོས་མོལ་གྱི་བརྒྱུད་རིམ་འགྲོ་བཞིན་ཡོད་ཀྱང་། སྲིད་འཛིན་ཊོམ་གྱིས་ཨི་ཛེ་རིལ་གྱི་རྒྱབ་ལ་ལངས་ནས་གྲོང་ཁྱེར་དེ་རྒྱལ་ཁབ་དེའི་གྲོང་ཁྱེར་ལ་ངོས་འཛིན་བྱས་རྐྱེན། དཀྱིལ་ཤར་ཡུལ་གྲུའི་བརྟན་ལྷིང་ལ་ཉེན་ཚབས་ཆེན་པོ་བཟོས་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག

ཊོམ་གྱི་ཐག་གཅོད་དེར་པཱེ་ལཱི་སེ་ཐན་གྱིས་དགག་བྱ་ཆེན་པོ་བྱས་རྐྱེན། ཨ་རིའི་ནང་ཡོད་པའི་པཱེ་ལི་སེ་ཐན་བཅིང་གྲོལ་གྱི་ལས་དོན་ཁང་དེ་སྒོ་བརྒྱབ་ཡོད་པ་རེད། དེ་བཞིན་པཱེ་ལི་སེ་ཐན་གྱི་སྐྱབས་བཅོལ་བ་ཚོར་ཨ་རིའི་རོགས་དངུལ་ས་ཡ་མང་པོ་ཕྱིར་འཐེན་བྱས་ཡོད་པ་རེད།

དེ་བཞིན་ཨི་ཛེ་རིལ་གྱིས་པཱེ་ལི་སེ་ཐན་གྱི་ས་ཆ་ཁག་ཅིག་ཏུ་ཁྲིམས་འགལ་ཐོག་ནས་བཙན་བཟུང་གིས། གཞིས་ཆགས་བརྒྱབ་ཡོད་པ་དེར། རྒྱལ་སྤྱིའི་ཐོག་ནས་ཁྲིམས་འགལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཊོམ་གྱིས་གཞིས་ཆགས་དེ་ཚོ་ཁྲིམས་མཐུན་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བསྒྲགས་ནས། པཱེ་ལི་སེ་ཐན་གྱིས་མ་འོངས་པར་ཕྱོགས་གཉིས་བར་གྱི་དཀའ་རྙོག་སེལ་རྗེས་ས་ཆ་དེ་ཚོ་པཱེ་ལི་སེ་ཐན་གྱི་མངའ་ཁོངས་སུ་བཅུག་རྒྱུའི་འཆར་སྣང་ལ་དོ་ཕོག་བཏང་ཡོད་འདུག 

དེ་བཞིན་ཟླ་༨ པའི་ནང་ཊོམ་གྱིས་ཨ་རབ་རྒྱལ་ཁབ་གཉིས་དང་ཨི་ཛེ་རིལ་བར་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་གསར་འཛུགས་དང་གྲོས་མཐུན་འཇོག་པར་མཐུན་སྦྱོར་བྱས་ཡོད་ཀྱང་། འབྲེལ་ལམ་དེའི་ནང་པཱེ་ལི་སེ་ཐན་ལ་སྐད་ཆ་མ་དྲིས་པར། ཨི་ཛེ་རིལ་གྱིས་པཱེ་ལི་སེ་ཐན་གྱི་ས་ཁུལ་དུ་ཁྲིམས་འགལ་ཐོག་ནས་འཛུགས་སྐྲུན་བྱས་པའི་ཇིའུ་མི་རིགས་ཀྱི་གཞིས་ཆགས་རྣམས་ཀྱི་བདག་དབང་དེ་ཨི་ཛེ་རིལ་ལ་ཡོད་པའི་གསལ་བསྒྲགས་དང་། དེ་བཞིན་པཱེ་ལི་སེ་ཐན་གྱི་ས་ཁུལ་གཞན་ཁག་ཅིག་ཀྱང་ཨི་ཛེ་རིལ་གྱིས་བཙན་བཟུང་བྱེད་རྒྱུའི་འཆར་གཞི་དེ་གནས་སྐབས་རིང་ཕྱིར་འཐེན་བྱེད་རྒྱུ་ཁས་ལེན་བྱས་ཡོད་འདུག་པས། པཱེ་ལི་སེ་ཐན་དང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།