ཊོམ་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཡོང་རྗེས་སུ་ལག་བསྟར་བྱེད་འཆར་ཡོད་པའི་འཆར་གཞི་འགའ།

དེ་རིང་རྒྱ་གར་གྱི་མཚན་མོར་ཨ་རིའི་ནང་བདམས་ཐོན་སྲིད་འཛིན་ཊོམ་གྱི་དམ་འབུལ་བྱེད་རྒྱུ་ཡིན་པར་བརྟེན། ཊོམ་གྱིས་དེ་སྔོན་ཁོང་ཨ་རིའི་སྲིད་འཛིན་ཆགས་པའི་ཉིན་དང་པོ་ནས་བཟུང་ལག་ལེན་བསྟར་འཆར་ཡོད་པའི་གནད་དོན་འགའ་ཤས་གླེང་སློང་བྱས་ཡོད། གནད་དོན་དེ་དག་ལ་བརྟེན་ནས་ཨ་རིའི་ནང་དང་གོ་ལའི་ཁྱོན་ཡོངས་ཀྱི་ཆབ་སྲིད་འཕོ་འགྱུར་ཁྲོད་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་སྲིད་པའི་གླེང་སློང་བྱེད་བཞིན་ཡོད་འདུག 

ཕྱི་ཚེས༢༠ ཉིན་སྦི་སྦི་སི་གསར་ཁང་གིས་ཊོམ་གྱིས་ལག་བསྟར་བྱེད་རྒྱུའི་འཆར་གཞི་འགའ་ཤས་སྐོར་གླེང་སློང་བྱས་འདུག ཨ་རིའི་ནང་སྲིད་འཛིན་གསར་པ་སུ་སླེབས་པ་ན་གནད་དོན་མང་པོ་ཞིག་དང་འབྲེལ་བའི་སྲིད་བྱུས་ཁག་གཅིག་ལ་མཚན་རྟགས་འགོད་རྒྱུའི་ལུགས་སྲོལ་ཡོད་འདུག་ཅིང་། ཐེངས་འདིར་ཊོམ་སྲིད་འཛིན་གྱི་ལས་ཁུངས་ནང་སླེབ་དུས་ཚོད་དཔག་དཀའ་བའི་གནད་དོན་ཁག་ཅིག་གི་སྐོར་མཚན་རྟགས་འགོད་རྒྱུ་ཡིན་འདུག 

༡  ཕྱི་མི་ཕོན་ཆེན་ཕྱིར་འབུད་གཏོང་རྒྱུ་དང་ཨ་རིའི་ས་མཚམས་ཀྱི་གནད་དོན།

ཊོམ་གྱིས་ཁོང་སྲིད་འཛིན་གྱི་ལས་ཁུངས་ནང་ཡོང་བའི་ཉིན་དང་པོ་རང་ལ་ཨ་རིའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཕྱི་མི་གྲངས་འབོར་མང་ཤོས་ཕྱིར་འབུད་གཏོང་རྒྱུ་ཡིན་པར་བརྗོད་ཡོད་ཅིང་། དེ་བཞིན་ས་མཚམས་སུ་ཛ་དྲག་བཀའ་རྒྱ་ཟེར་བ་བཏང་སྟེ་དམག་མི་ཡིས་སྲུང་སྐྱོབ་བྱེད་འཇུག་རྒྱུ་ཡིན་པ་(Fox News)གསར་ཁང་ལ་བརྗོད་ཡོད་འདུག འོན་ཀྱང་། ཕྱི་མི་ཕོན་ཆེན་པོ་ཕྱིར་འབུད་གཏོང་རྒྱུ་ལས་སླ་བོ་ཞིག་གཏན་ནས་ཡིན་མི་འདུག་ལ། གལ་སྲིད་གཏོང་དགོས་ན་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་གཏོང་དགོས་ཀྱི་ཡོད་འདུག དེ་བཞིན་ཨ་རིའི་ཁྲིམས་ལུགས་དང་མ་མཐུན་ནས་སྲིད་བྱུས་དེ་ལ་དཀའ་ངལ་ཆེན་པོ་ཡོང་རྒྱུ་ཡིན་འདུག 

༢ མེག་སི་ཀོའི་མི་རིགས་མིན་པའི་ཕྱི་མི་མང་པོ་ཞིག་མེག་སི་ཀོའི་ནང་འཇོག་རྒྱུ།

མེག་སི་ཀོའི་ནང་ད་བར་ཕྱི་མི་༧༠༠༠༠ ལྷག་ཙམ་ཞིག་ཡོད་འདུག་ཅིང་། ཁོང་ཚོ་ནི་མེག་སི་ཀོའི་མི་རིགས་ཡིན་མི་འདུག མང་ཆེ་བ་ནི་ཨེ་ཤེ་ཡའི་མི་རིགས་དང་། ཨ་ཧྥི་རི་ཀ་སོགས་ཀྱི་མི་རིགས་ཡིན་ཞིང་། ཨ་རིའི་ནང་ཡོང་རྒྱུའི་ཆེད་དུ་མེག་སི་ཀོའི་ནང་ལྷག་ཡོད་པར་བརྟེན། མེག་སི་ཀོའི་ནང་སྡོད་རྒྱུ་ལས་ཨ་རིའི་ནང་ཡོང་འཇོག་རྒྱུ་མིན་པར་བརྗོད་ཡོད་འདུག 

༣ ཨ་རིའི་ནང་སྐྱེས་པ་ཡིན་ན་ཨ་རིའི་མི་སེར་ཆགས་ཀྱི་ཡོད་པའི་ཁྲིམས་དེ་མེད་པ་བཟོ་འཆར།

འདས་པའི་ཨ་རིའི་རྩ་ཁྲིམས་ནང་མི་སུ་འདྲ་ཞིག་ཨ་རིའི་ནང་སྐྱེས་པ་ཡིན་ན་རང་བཞིན་གྱིས་ཨ་རིའི་མི་སེར་ཆགས་ཀྱི་ཡོད་པའི་ཁྲིམས་དེ་ད་ཆར་ཊོམ་གྱིས་བསྒྱུར་བཅོས་གཏོང་རྒྱུ་ཡིན་པར་བརྗོད་ཡོད་འདུག འོན་ཀྱང་། ཁྲིམས་དེ་བསྒྱུར་བཅོས་གཏོང་རྒྱུར་ཧ་ཅང་ཁག་པོ་ཡིན་འདུག རྒྱུ་མཚན་ནི་ཁྲིམས་དེ་ཨ་རིའི་རྩ་ཁྲིམས་རང་དུ་བཀོད་ཡོད་འདུག་པར་བརྟེན། རྩ་ཁྲིམས་བསྒྱུར་བཅོས་གཏོང་རྒྱུ་ཁག་པོ་ཡིན་འདུག 

༤ ཨ་རིའི་མི་མང་གི་འཕྲོད་བསྟེན་ཆེད་དུ་ས་མཚམས་ནས་མྱོས་རྫས་རིགས་བཀག་འགོག་བྱེད་རྒྱུ།

ཨ་རིའི་ས་མཚམས་ནས་ཨ་རིའི་ནང་ཁྲིམས་འགལ་ཐོག་ནས་མྱོས་རྫས་རིགས་ཁུར་ཡོང་ནས་ཨ་རིའི་མི་མང་གི་འཕྲོད་བསྟེན་ལ་གནོད་ཚེ་ཆེན་པོ་གཏོང་གི་ཡོད་པར་བརྗོད་ནས་མྱོས་རྫས་རིགས་ལ་བཀག་འགོག་ཆེན་པོ་བྱེད་རྒྱུ་ཡིན་འདུག དམིགས་བསལ་མེག་སི་ཀོ་དང་ཁ་ཆེ་དྲག་སྤྱོད་པས་ཨ་རི་ནང་མྱོས་རྫས་རིགས་ཕོན་ཆེན་པོ་ཁུར་ཡོང་ནས་ནག་ཚོང་རྒྱག་མཁན་མང་པོ་ཡོད་འདུག 

༥ ཨ་རིའི་ས་མཚམས་སྲུང་སྐྱོབ་ཆེད་ལྕགས་རྭ་རྒྱག་རྒྱུར་ལུས་པ་རྣམས་མུ་མཐུད་ནས་རྒྱག་རྒྱུ་ཡིན་འདུག 

ཕྱི་ལོ་༢༠༡༦ ནང་ཊོམ་ཐོག་མ་སྲིད་འཛིན་ཆགས་དུས་ཨ་རིའི་ས་མཚམས་སུ་སྲུང་སྐྱོབ་ཆེད་དུ་ལྕགས་རྭ་སྐོར་རྒྱུ་འགོ་འཛུགས་བྱས་ཡོད་འདུག་ཀྱང་། ཕྱིས་སུ་མ་ཚར་ནས་མང་པོ་ལྷག་ཡོད་འདུག་པར་བརྟེན། ད་ཆར་མུ་མཐུད་ནས་ལྕགས་རྭ་སྐོར་རྒྱུའི་ལས་འཆར་དེ་འགོ་འཛུགས་བྱེད་རྒྱུ་ཡིན་པར་རྗོད་བཞིན་འདུག 

༦ ཕྱི་ནས་ནང་འདྲེན་བྱས་པའི་དངོས་ཟོག་ཐོག་དཔྱ་ཁྲལ་འགེལ་རྒྱུ་ཡིན་པ།

ཨ་རིའི་ནང་ལོགས་ཀྱི་དངོས་ཟོག་བཟོ་སྐྲུན་ཡར་རྒྱས་གཏོང་ཆེད་དུ་ཕྱི་ཕྱོགས་ནས་ཨ་རིའི་ནང་ཁུར་ཡོང་བའི་དངོས་ཟོག་རྣམས་ལ་དཔྱ་ཁྲལ་འཕར་མ་འགེལ་རྒྱུ་ཡིན་པར་བརྗོད། དེ་ཡང་སྤྱི་ཡོངས་ཀྱི་དངོས་ཟོག་ཚང་མ་ལ་དཔྱ་ཁྲལ་བརྒྱ་ཆ་༡༠ འགེལ་རྒྱུ་དང་། ཁེ་ན་ཊའི་དངོས་ཟོག་ལ་དཔྱ་ཁྲལ་བརྒྱ་ཆ་༢༠ འགེལ་རྒྱུ། རྒྱ་ནག་གི་དངོས་ཟོག་ཐོག་དཔྱ་ཁྲལ་བརྒྱ་ཆ་༦༠ འགེལ་རྒྱུ་ཡིན་པར་བརྗོད་ཡོད། དཔལ་འབྱོར་ལ་མཁས་པ་ཚོས་བརྗོད་དོན། གལ་སྲིད་དཔྱ་ཁྲལ་དེ་འདྲ་བཀལ་ཚེ་ཨ་རིའི་ནང་དངོས་ཟོག་གི་རིན་གོང་འཕར་ནས་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པར་བརྗོད་འདུག 

༧ གནམ་གཤིས་འགྱུར་ལྡོག་དང་ནུས་ཤུགས་ཐོན་ཁུངས།

སྲིད་འཛིན་ཇོ་བྷ་ཌན་གྱིས་ཨ་རིའི་ནང་ནུས་ཤུགས་ཐོན་ཁུངས་ཡར་རྒྱས་གཏོང་ཆེད་དང་། འབགས་བཙོག་སྟངས་འཛིན། འཛུགས་སྐྲུན་ལས་འཆར་སོགས་ཀྱི་ལས་འཆར་མང་པོ་ཞིག་བཟོས་ནས་གྲུབ་འབྲས་ཡག་པོ་ཐོན་ཡོད་འདུག་ཀྱང་། ཊོམ་གྱིས་ཁོང་སྲིད་འཛིན་ཆགས་དུས་ལས་འཆར་དེ་དག་མེད་བཟོ་རྒྱུ་ཡིན་པ་དང་། ཕྱི་ལོ་༢༠༡༧ ལོ་ཊོམ་སྲིད་འཛིན་ཆགས་ནས་ཟླ་བ་༧ རྗེས་པ་རེ་སི་གནམ་གཤིས་གྲོས་མཐུན་ནས་ཕྱིར་འཐེན་བྱས་ཡོད་ཅིང་། ཕྱི་ལོ་༢༠༢༡ ཇོ་བྷ་ཊན་གྱིས་ཨ་རི་བསྐྱར་དུ་གྲོས་མཐུན་དེ་ནང་ཡར་འཛུལ་ཡོད་ཀྱང་། ད་ཆར་ཡང་ཕྱིར་འཐེན་བྱེད་རྒྱུ་ཉེན་ཁ་ཆེན་པོ་ཡོད་པ་བརྗོད། 

༨ ཕྱི་ལོ་༢༠༢༡ ལོར་ཊོམ་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་ཕམ་ཉེས་འབྱུང་དུས་ངོ་རྒོལ་བྱེད་མཁན་དག་ལ་གུ་ཡངས།

ཕྱི་ལོ་༢༠༢༡ ལོར་ཊོམ་སྲིད་འཛིན་འོས་བསྡུའི་ཁྲོད་ཕམ་ཉེས་འབྱུང་དུས་ཊོམ་གྱི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་ནས་ཨ་རིའི་རྒྱལ་སའི་ནང་གཏོར་རྒོལ་ཚད་མེད་བྱས་པའི་རྐྱེན་གྱིས་ཨ་རིའི་གཞུང་གིས་དམག་མི་བཏང་ནས་ངོ་རྒོལ་བ་༡༥༠༠ ཙམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པར་བརྟེན། ད་ཆར་ཊོམ་སྲིད་འཛིན་ཆགས་དུས་ངོ་རྒོལ་བ་དེ་དག་གློད་བཀྲོལ་གཏོང་རྒྱུ་ཡིན་པར་བརྗོད་ཡོད་འདུག་ཀྱང་། ངོ་རྒོལ་བ་འགའ་ཤས་ཀྱིས་ཚད་ལས་བརྒལ་བའི་ཁྲིམས་འགལ་བྱས་ཡོད་པའི་རྐྱེན་གྱིས་གློད་རྒྱུ་མིན་པར་བརྗོད་འདུག འོན་ཀྱང་། ངོ་རྒོལ་བ་དེ་དག་ཁོང་རང་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པར་བརྟེན། གུ་ཡངས་བྱེད་སྲིད་པར་བརྗོད།

༩ གསང་བའི་ཡིག་ཆ་མང་པོ་ཞིག་ཕྱིར་འདོན་རྒྱུ་ཡིན་པར་བརྗོད།

ཁ་སང་གཟའ་ཉི་མ་ཉིན་ཊོམ་གྱིས་ཕྱི་ལོ་༡༩༦༨ ལོར་ཨ་རིའི་སྲིད་འཛིན་(John F Kennedy)་དང་གྲོས་ཚོགས་གོང་མའི་མཐུས་མི(Senator Robert Kennedy) དེ་བཞིན་ཨ་རིའི་ནང་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་པ་(Martin Luther King Jr.)བཅས་ལྐོག་གསོད་བཏང་བའི་ལོ་རྒྱུས་ཡིག་ཆ་གལ་ཆེན་འགའ་ཤས་ཕྱིར་བསྒྲགས་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག 

༡༠ ཕྱི་འབྲེལ་སྲིད་བྱུས།

ཊོམ་གྱིས་ཁོང་སྲིད་འཛིན་ཆགས་པའི་ཉིན་དང་པོར་ཨུ་རུ་སུ་དང་ཡུག་རེན་གཉིས་བར་གྱི་རྩོད་རྙོག་དེ་མེད་པ་བཟོ་རྒྱུ་ཡིན་ཞེས་བརྗོད་ཡོད་ཀྱང་། ཕྱིས་སུ་ཁོས་བརྗོད་དོན། གཅིག་བྱས་ན་ཟླ་བ་༦ ནང་ཚུད་ལ་དམག་འཁྲུག་དེ་འགོག་རྒྱུ་ཡིན་པར་བརྗོད་ཡོད།

དེ་བཞིན་ཨ་རིས་སྔོན་ཆད་ཁུའུ་བྷ་དང་ཝེ་ནེ་ཛུ་ལ་རྒྱལ་ཁབ་གཉིས་དེ་དྲག་སྤྱོད་པའི་ཚོགས་པ་དེ་རིགས་ལ་དངུལ་སྤྲོད་མཁན་ཡིན་པར་བརྗོད་དེ། མིང་ཐོ་ནག་པོའི་ནང་བཅུག་ནས་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་འདུག་ཀྱང་། ཕྱིས་སུ་ཇོ་བྷ་ཊན་གྱིས་ཁུའུ་བྷ་མིང་ཐོ་ནག་པོ་ནས་ཕྱིར་བཏོན་ཡོད་འདུག འོན་ཀྱང་། ཊོམ་གྱིས་མ་འོངས་པར་ཁུའུ་བྷ་ཡང་བསྐྱར་མིང་ཐོ་ནག་པོའི་ནང་འཇོག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག 

༡༡ ཕོ་མོ་གཉིས་ལས་སྐྱེས་པ་བུད་མེད་བཟོ་མཁན་ཚོ་རྩེད་མོའི་རིགས་ནང་ཞུགས་མི་ཆོག་པར་བཟོ་རྒྱུ།

སྐྱེ་དུས་ཕོར་སྐྱེས་ཀྱང་། ཕྱིས་སུ་མོ་བཟོ་མཁན་ཚོ་ཨ་རི་ནང་གི་བུད་མེད་ཀྱི་རྩེད་རིགས་ཁག་ནང་ཞུགས་མི་ཆོག་པ་བཟོ་རྒྱུ་ཡིན་འདུག 

༡༢  བྱིས་པ་མངལ་ནས་མེད་པ་བཟོ་རྒྱུར་བཀག་འགོག

མེག་སི་ཀོའི་གྲོང་ཁྱེར་གྱི་སྲིད་བྱུས་ཟེར་བ་བྱིས་པ་མངལ་ནས་མེད་པ་བཟོ་རྒྱུའི་སྐོར་གྱི་སློབ་སྟོན་བྱེད་མཁན་རྒྱལ་སྤྱིའི་ཚོགས་པ་འགའ་ཡོད་འདུག་པ་དང་། དེ་དག་ལ་ཨ་རིའི་གཞུང་གི་ངོས་ནས་རོགས་དངུལ་སྤྲོད་རྒྱུར་བཀག་འགོག་བྱེད་རྒྱུ་ཡིན་པར་བརྗོད། དེ་བཞིན་(Title X )ཟེར་བའི་འཕྲོད་བསྟེན་ཞབས་ཞུ་སྒྲུབ་མཁན་གྱི་ཚོགས་པ་དེ་དག་ལ་བྱིས་པ་མངལ་ནས་མེད་པ་བཟོ་རྒྱུའི་སྐོར་གླེང་མི་ཆོག་པའི་སྒྲིག་གཞི་བསྐྱར་གསོ་བྱེད་རྒྱུ་དང་། བྱིས་པ་མངལ་ནས་མེད་པ་བཟོ་མཁན་དང་དེའི་ཞབས་ཞུ་སྒྲུབ་མཁན་གྱི་ཚོགས་པ་ཁག་ལ་ཨ་སྒོར་ས་ཡ་མང་པོའི་རོགས་དངུལ་འཐོབ་རྒྱུ་མེད་པ་བཟོ་རྒྱུ་ཡིན་པར་བརྗོད་འདུག 

༡༣   རྒྱ་ནག་གི་མཉེན་ཆས། (TikTok)

ཁ་སང་གཟའ་ཉི་མའི་ཉིན་ཊོམ་གྱིས་རྒྱ་ནག་གི་མཉེན་ཆས་གནས་སྐབས་ཉིན་གྲངས་༩༠ རིང་བཀག་འགོག་བྱེད་རྒྱུ་མིན་པ་དང་། དུས་ཡུན་དེ་དག་གི་རིང་(TikTok)ཚོང་བདག་ལ་ཨ་རིའི་ནང་ཚོང་རོགས་ཤིག་འཚོལ་རྒྱུའི་གོ་སྐབས་སྤྲད་ནས་བདག་དབང་བརྒྱ་ཆ་༥༠ བགོས་ན་བཀག་འགོག་བྱེད་རྒྱུ་མིན་ཞེས་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།