ཊོམ་ཨ་རིའི་སྲིད་འཛིན་བསླེབ་ལ་ཉེ་སྐབས་འདིར་རྒྱ་དཀར་ནག་གཉིས་ཞི་མཐུན་ཡོང་བཞིན་ཡོད་འདུག

ད་ཆར་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་ཐད་ཞི་འགྲིག་བྱུང་ཞིང་། ཚོང་འབྲེལ་དང་འགྲིམ་འགྲུལ་སོགས་ཀྱི་ཐད་ཕན་ཚུན་སྔར་ལས་འབྲེལ་བ་ཇེ་ཆེར་གཏོང་རྒྱུའི་གྲོས་མཐུན་ཡོང་བཞིན་ཡོད་འདུག

པར། WION གསར་ཁང་།

ཕྱི་ཚེས་༢༠ ཉིན་རྒྱ་གར་གྱི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྤྱི་མཐུན་ཚོགས་པ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཅིང་། འབྱུང་འགྱུར་ཕྱི་ཟླ་༡ པོའི་ནང་སྲིད་འཛིན་དམ་འབུལ་བྱེད་རྒྱུ་ཡིན་འདུག་པར་བརྟེན། ཊོམ་གྱིས་ཁོང་སྲིད་འཛིན་ཆགས་རྗེས་རྒྱ་ནག་གི་དངོས་ཟོག་ཐོག་དཔྱ་ཁྲལ་བརྒྱ་ཆ་༦༠ འགེལ་རྒྱུ་ཡིན་ཚུལ་བརྗོད་པའི་རྐྱེན་གྱིས། ད་ཆར་སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་དོན་ལ། རྒྱ་ནག་གིས་མ་འོངས་པར་རང་གི་དཔལ་འབྱོར་ཐད་དཀའ་ངལ་མ་འཕྲད་བའི་ཆེད་དུ་ཨ་རི་དང་ཚོང་འབྲེལ་ཉུང་དུ་བཏང་ནས། དེ་ལ་གདོང་ལེན་གྱི་ཆེད་དུ་རྒྱལ་ཁབ་གཞན་དང་འབྲེལ་བ་སྔར་ལྷག་ཟབ་ཏུ་གཏོང་གི་ཡོད་ཚུལ་ཤོད་ཀྱི་ཡོད་པ་བཞིན། རྒྱ་དཀར་ནག་གཉིས་བར་དུས་ཡུན་རིང་པོ་ནས་ས་མཚམས་རྩོད་རྙོག་གིས་རྐྱེན་པས་ཚོང་འབྲེལ་དང་འགྲིམ་འགྲུལ་སོགས་ཀྱི་ཐད་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། ད་ཆར་ས་མཚམས་རྩོད་རྙོག་ཐད་འདུམ་སྒྲིག་བྱུང་ནས་མ་འོངས་པར་རྒྱ་དཀར་ནག་གཉིས་བར་ཚོང་འབྲེལ་མང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་བར་གནམ་གྲུ་གཏོང་རེས་བྱེད་རྒྱུ། དེ་བཞིན་གསར་འགོད་པ་ཕན་ཚུན་གཏོང་རེས་བྱེད་རྒྱུ་སོགས་ཀྱི་གནད་དོན་དུ་མ་ཞིག་ཡོད་འདུག
ཁ་སང་ཕྱི་ཚེས་༢༠ ཉིན་ལྷོ་ཤར་ཨེ་ཤེ་ཡའི་ལྷན་ཚོགས་(ASEAN )རྒྱལ་ཁབ་ཚོ་ཝེ་ཐེ་ནམ་རྒྱལ་སར་ལཝ་སེ་ལྷན་ཚོགས་འཚོགས་ཡོད་པ་དང་། སྐབས་དེ་དུས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་(Rajnath Singh)་རྒྱ་ནག་གི་བདེ་སྲུང་བློན་ཆེན་(Dong Jun)དང་ཐུག་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐད་དོན་ཕན་ལྡན་པའི་གྲོས་མོལ་བྱུང་ཚུལ་དང་། ད་ཆར་རྒྱ་དཀར་ནག་གཉིས་བར་བསྐྱར་དུ་ཕན་ཚུན་ཡིད་ཆེས་ཡོང་ཐབས་ལ་འབད་རྒྱུའི་གྲོས་མོལ་བྱུང་ཡོད་ཚུལ་རྒྱ་གར་གྱི་བདེ་སྲུང་བློན་ཆེན་གྱི་xསྤྱི་ཚོགས་དྲྭ་ལམ་ཐོག་བཀོད་ཡོད་འདུག་ལ། དེ་བཞིན་ཕྱོགས་གཉིས་ཀ་ཡིས་འབད་རྩོན་བྱེད་རྒྱུ་ཡིན་ཚུལ་ཡང་བཀོད་ཡོད་འདུག ལྷན་ཚོགས་ཐོག་རྒྱ་གར་གྱིས་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་རྩོད་རྙོག་དེ་འདུམ་སྒྲིག་ཡོང་རྒྱུ་གལ་ཆེན་ཡིན་ཞེས་དང་། ཕྱོགས་སོ་སོའི་ས་མཚམས་ཁུལ་དུ་ཡོད་པའི་དམག་མི་རྣམས་ཕྱིར་འཐེན་བྱེད་རྒྱུ་གལ་ཆེ་ཡིན་པར་ཡང་བརྗོད་འདུག
དེ་བཞིན་འདས་པའི་ལོ་ལྔའི་རྗེས་སུ་ཐེངས་དང་པོ་སྲིད་བློན་མོ་དྷིས་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གཉིས་ཉེ་ཆར་(BRICS)ལྷན་ཚོགས་ཨུ་རུ་སུའི་ནང་འཚོགས་དུས་ཐུག་འཕྲད་བྱས་ཡོད་འདུག ད་དུང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་དྲུང་གཉིས་ཐུག་འཕྲད་བྱས་ནས་མ་འོངས་པར་རྒྱ་དཀར་ནག་གཉིས་བར་སྔར་ལས་ལྷག་པའི་ཚོང་འབྲེལ་དང་། གཞན་གནད་དོན་ཁག་གི་ཐད་ཕན་ཚུན་རོགས་རམ་བྱེད་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།

This will close in 0 seconds