ཌེན་མག་ནང་མེ་མདའི་དོན་རྐྱེན་འོག་མི་༣ གྱི་ཚེ་སྲོག་ཤོར་འདུག

ཟླ་འདིའི་ཚེས་༣ ཉིན་ཌེན་མག་གི་རྒྱལ་ས་ཁོ་པན་ཧེ་གྷན་(Copenhagen mall) ཁྲོམ་རེའི་ལྟེ་གནས་ཁང་དུ་ཌེན་མག་གི་གཞོན་སྐྱེས་ཤིག་གིས་མི་ཚོགས་འཕྲོད་མེ་མདའ་གང་བྱུང་འཕངས་ནས་མི་༣ གྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་མང་པོར་རྨས་སྐྱོན་བཟོས་འདུག

དེ་ཡང་རེས་གཟའ་ཉི་མའི་ཉིན་ཌེན་མག་གི་རྒྱལ་ས་ཁོ་པན་ཧེ་གྷན་ཁྲོམ་རེའི་ལྟེ་གནས་ཁང་ཞིག་ཏུ་རང་ལོ་༢༢ ཡིན་པའི་ཌེན་མག་གི་གཞོན་སྐྱེས་ཤིག་གིས་ལག་ཏུ་མེ་མདའ་རིང་མདའ་ཞིག་བཟུང་ནས་མི་ཚོགས་འཕྲོད་གང་བྱུང་མེ་མདའ་བརྒྱབ་ནས་མི་༣ གྱི་ཚེ་ཤོར་ཡོད་པ་མ་ཟད། དོན་རྐྱེན་དེའི་ཁྲོད་རང་ལོ་༤༠ ལྷག་ཡིན་པའི་སྐྱེས་པ་ཞིག་དང་དེ་མིན་གཞོན་སྐྱེས་གཉིས་བཅས་ཀྱི་ཚེ་སྲོག་ཤོར་འདུག

རྨས་སྐྱོན་ཕོག་པའི་མི་མང་ནང་ནས་མི་༣ ད་ལྟ་ཛ་དྲག་གི་གནས་སྟངས་འོག་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག གཞན་ཡང་ཐེངས་འདིའི་དོན་རྐྱེན་དང་འབྲེལ་ས་གནས་ཉེན་རྟོག་པས་བརྗོད་དོན་ལ། རང་ལོ་༢༢ ཡིན་པའི་ཌེན་མག་གི་གྲོང་མི་ཞིག་འཛིན་བཟུང་བྱེད་ཡོད་སྐོར་དང་། གཞི་རྒྱ་ཆེ་བའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ནང་ཁོ་ཁེར་རྐྱང་ཡིན་འདུག་ལ། ཁོས་མི་ཚོགས་ཁྲོད་མེ་མདའ་རྒྱག་དགོས་དོན་གང་ཡིན་ད་ལྟ་ཁ་གསལ་མེད་པ་དང་། དྲ་རྒྱའི་ཐོག་གནས་ཚུལ་དེ་དང་འབྲེལ་བའི་གནད་དོན་མང་དག་གླེང་སློང་བྱེད་ཡོད་པའི་ཁྲོད། ཉེན་ཅན་པ་དེ་ནི་མི་རིགས་རིང་ལུགས་པ་ཞིག་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་འདུག

དེ་བཞིན་ས་གནས་ཉེན་རྟོག་པར་མེ་མདའི་དོན་རྐྱེན་བྱུང་བའི་ཛ་དྲག་མྱུར་སྐྱོབ་དགོས་སྐོར་གྱི་བརྡ་ལན་འབྱོར་བའི་རྗེས། ཌེན་མག་ས་གནས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་པ་དེ་དུས་ཡུན་སྐར་མ་བཅུ་གསུམ་ནང་དུ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཌེན་མག་ནང་གི་སྨན་ཁང་ཆེ་ཤོས་(Rigshospitalet) ནང་རྨས་སྐྱོན་ཕོག་པའི་ས་གནས་ཡུལ་མི་དེ་དག་མྱུར་སྐྱོབ་ཆེད་འབྲེལ་ཡོད་ལས་བྱེད་ཁ་སྣོན་བྱས་ཏེེ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག

དོན་རྐྱེན་དེ་དང་འབྲེལ་བའི་སྐོར་ལ་ཌེན་མག་གི་སྲིད་བློན་སྐུ་ཞབས་མེ་ཌི་ (Mette Frederiksen) ཡིས་བརྗོད་དོན་ལ། དཀར་ཆ་དོད་པའི་དབྱར་དུས་འགོ་ཚུགས་མ་ཐག་ང་ཚོ་ཚང་མར་ཡ་ང་སྙིང་རྗེ་མེད་པའི་དོན་རྐྱེན་དེ་ལྟ་བུ་བྱུང་བ་ནི་བསམ་ཡུལ་ལས་འདས་ཞིག་ཡིན་པ་མ་ཟད། བློ་ཕམ་བྱེད་དགོས་པ་ཞིག་ཡིན། དུས་རྒྱུན་ཞི་བདེ་བག་ཕེབས་དང་མཛེས་སྡུག་ལྡན་པའི་ང་ཚོའི་རྒྱལ་ས་དེ་སྐར་ཆ་ཁ་ཤས་ཤིག་ནང་ཁ་ཐོར་བཟོས་ཡོད་སྐོར་བརྗོད་འདུག

 

རེས་གཟའ་ཉི་མའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ནི་༢༠༡༥ ལོའི་ཟླ་༢ པ་ནས་བཟུང་ཌེན་མག་གི་ལོ་རྒྱུས་ནང་ཚབས་ཆེ་ཤོས་ཀྱི་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་ཡིན་པ་མ་ཟད། སྐབས་དེར་རང་ལོ་༢༢ ཡིན་པའི་སྐྱེས་པ་ཞིག་གིས་ཌེན་མག་རྒྱལ་སར་མེ་མདའ་བརྒྱབ་ནས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་ཉེན་རྟོག་པ་ལྔ་ལ་རྨས་སྐྱོན་ཕོག་ཡོད་པར་བརྟེན། ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ཉེས་ཅན་པ་དེ་དམར་གསོད་བཏང་ཡོད་འདུག 

དེ་ཡང་ཌེན་མག་གི་ཁྱིམ་མཚེས་རྒྱལ་ཁབ་ནོར་ཝེ་རུ་(LGBTQ) དུས་ཆེན་སྐབས་ཨེ་རན་གྱི་མི་རྒྱུད་ཡིན་པའི་ནོར་ཝེའི་སྐྱེས་པ་ཞིག་གིས་མི་མང་འདུ་ཚོགས་ཐོག་མེ་མདའ་བརྒྱབ་ནས་མི་གཉིས་བསད་ཡོད་པ་དང་མི་༢༠ ལྷག་ཙམ་ལ་རྨས་སྐྱོན་བཟོས་པའི་དོན་རྐྱེན་ཐོན་ནས་གཟའ་འཁོར་གཅིག་སོང་བའི་རྗེས་ཌེན་མག་ནང་དུ་མེ་མདའི་དོན་རྐྱེན་དེ་བྱུང་ཡོད་འདུག

གསར་འགོད་པ་ཆོས་གྲགས།

Share this:

Leave a Reply