ཌོ་ནལ་ཊོམ་གྱིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཅིག་བཏང་ཡོད་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཅིག་བཏང་སྟེ། ཨ་རྒྱ་གཉིས་ཀར་ཕན་པའི་འབྲེལ་ལམ་གོང་མཐོར་གཏོང་རྒྱུའི་རེ་བ་འཆང་གི་ཡོད་ཅེས་གསུངས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཕྱི་ཚེས་༨ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཅིག་བཏང་སྟེ། ཨ་རྒྱ་གཉིས་ཀར་ཕན་པའི་འབྲེལ་ལམ་གོང་མཐོར་གཏོང་རྒྱུའི་རེ་བ་འཆང་གི་ཡོད་སྐོར་འཁོད་ཡོད་པ་ཕོ་བྲང་དཀར་པོས་བསྒྲགས་ཡོད་འདུག

དེ་བཞིན་འཕྲིན་ཡིག་དེའི་ནང་དེ་སྔོན་ཌོ་ནལ་ཊོམ་སྲིད་འཛིན་ཐོབ་ནས་དགའ་སྟོན་མཛད་སྒོའི་སྐབས་སུ། ཞི་ཅིན་ཕིང་གིས་འཚམས་འདྲི་ཞུས་པར་ཐུགས་རྗེ་ཆེ་ཞུའི་ལན་བརྗོད་ཡོད་པ་དང་། རྒྱ་ནག་མི་མང་ལ་གནམ་ལོ་གསར་པར་འཚམས་འདྲིའི་ཤིས་ཚིག་ཀྱང་བརྗོད་ཡོད་འདུག

འོན་ཀྱང་། རྒྱ་ནག་གཞུང་གི་ཕྱི་འབྲེལ་བློན་ཆེན་གྱིས་འཕྲལ་དུ་དེར་ཐད་ཀར་ལན་འདེབས་གང་ཡང་བྱས་མེད་ཀྱང་། བདུན་ཕྲག་སྔོན་མའི་ནང་ཁོས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡག་པོ་མུ་མཐུད་དེ་གནས་ཡོད་སྐོར་བརྗོད་ཡོད་འདུག

དེ་བཞིན་བདུན་ཕྲག་སྔོན་མའི་ནང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ཡང་ཅེ་ཆིས་ཌོ་ནལ་ཊོམ་གྱི་བདེ་སྲུང་གི་སློབ་སྟོན་པ་མི་ཤལ་ཧྥི་ལན་ལ། རྒྱ་ནག་གི་ཕྱོགས་ནས་ཨ་རི་དང་མཉམ་ལས་ཀྱི་ཐོག་ནས་རྩོད་རྙོག་དང་དཀའ་ངལ་མང་པོ་ཞིག་སེལ་རྒྱུའི་རེ་བ་འཛིན་གྱི་ཡོད་སྐོར་བརྗོད་ཡོད་ཚུལ་འདུག་ལ། ད་ཐེངས་ཀྱི་འབྲེལ་བ་འདི་ཡང་ཁོ་རང་གིས་འགོ་བཙུགས་པ་ཞིག་ཡིན་འདུག མ་ཟད། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ཡང་ཅི་ཆི་ནི་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ལས་ཀྱང་གོ་གནས་མཐོ་བ་ཞིག་ཡིན་འདུག

ལོ་སྔོན་མའི་ཕྱི་ཟླ་༡༡ པའི་ནང་ཌོ་ནལ་ཊོམ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་དང་། ཕྱོགས་གཉིས་བར་སྐད་ཆ་བྱུང་ཡོད་པ་ལས། དེ་རྗེས་ཕྱི་ཟླ་༡ པོའི་ཕྱི་ཚེས་༢༠ ཉིན་ཌོ་ནལ་ཊོམ་གྱིས་སྲིད་འཛིན་གྱི་ལས་འཁུར་དངོས་སུ་བླངས་ནས་བཟུང་ཞི་ཅེན་ཕིང་དང་ཐད་ཀར་སྐད་ཆ་གཏན་ནས་བཤད་མེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།