ཌོ་ནལ་ཊོམ་དང་ཞི་ཅིན་ཕིང་གི་ཐུག་འཕྲད་དང་པོ།
ཟླ་འདིའི་ཚེས་༦ དང་༧ ཉིན་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིར་འཚམས་གཟིགས་དང་། སྲིད་འཛིན་ཊོམ་དང་མཇལ་འཕྲད་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༦ ཉིན་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་དེ་ཨ་རིའི་ཧྥོ་ལོ་རི་ཌར་རྟེན་གཞི་བྱས་པའི་སྲིད་འཛིན་ཊོམ་གྱི་སྒེར་གྱི་སྤྲོ་སྐྱིད་ཁང་དུ་གོ་སྒྲིག་བྱས་ཡོད་འདུག སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་འབྱོར་ནས་མགྲོན་ཁང་དུ་བསྐྱོད་པའི་ལམ་ཟུར་དུ། བོད་པ་དང་ཐའེ་ཝན། ཡུ་གུར་བ་སོགས་ངོ་རྒོལ་སྐད་འབོད་བྱེད་མཁན་ཡོད་འདུག་པ་དང་། དེ་དག་མཉམ་དུ་ཞི་ཅིན་ཕིང་དགའ་བསུ་ཞུ་མཁན་རྒྱ་རིགས་ཀྱང་མང་པོ་ཡོད་འདུག
སྲིད་འཛིན་གཉིས་བར་གྱི་ཐུག་འཕྲད་དང་པོ་དང་འབྲེལ་ནས། བདུན་ཕྲག་འདིའི་ནང་ཨ་རིའི་གྲོས་ཚོགས་འཐུས་མི་མར་ཁོ་རུ་བྷི་ཡོ་དང་བྷེན་ཁར་ཌེན་གཉིས་ཀྱིས། ཐུག་འཕྲད་སྐབས་སྲིད་འཛིན་ཊོམ་གྱིས་ཞི་ཅིན་ཕིང་མཉམ་དུ་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སླེང་དང་བརྡ་ལན་གསལ་པོ་སྤྲོད་དགོས་པའི་སྐུལ་མ་བྱས་པའི་ཡི་གེ་ཞིག ཕྱི་སྲིད་དྲུང་ཆེ་རེག་སི་ཊིར་ལིའི་སོན་ལ་སྤྲད་ཡོད་འདུག
དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། པེན་ཨ་རིའི་རྩོམ་པ་པོའི་མཐུན་ཚོགས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱ་ནག་གི་རང་འགུལ་ཚོགས་པ། བོད་ཀྱི་དྲང་བདེན་ལྟེ་གནས་ཁང་། ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་ལྟེ་གནས་ཁང་དང་ཨ་རིའི་ཡུ་གུར་ལྷན་ཚོགས་བཅས་ཚོགས་པ་བདུན་གྱིས་མཉམ་དུ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། ཁོ་ཚོས་རྒྱ་ནག་གིས་ཆོས་ལུགས་རང་དབང་དང་། སྨྲ་བརྗོད་རང་དབང་། རྒྱ་གཞུང་ལ་དགག་ཕྱོགས་ཀྱི་བསམ་ཚུལ་སྤེལ་མཁན་ལ་བཙོན་འཇུག་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་འདུག་པ་དང་། དེ་བཞིན་ཁོ་ཚོས་ཨ་རིའི་ཕོ་བྲང་དཀར་པོར་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་ཞི་ཅིན་ཕིང་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་དགོས་པའི་ནན་སྐུལ་གྱི་ཡི་གེ་ཞིག་ཟླ་འདིའི་ཚེས་༦ ཉིན་སྤྲད་ཡོད་འདུག
སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་དང་པོའི་སྐབས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་འཛུགས་བསྐྲུན་དང་ཚོད་ལྟའི་བྱ་སྤྱོད་ཐད་གདོང་ལེན་བྱེད་སྟངས་སྐོར་དང་། ཕྱོགས་གཉིས་བར་གྱི་ཚོང་འབྲེལ་ཡར་རྒྱས་དང་དྲང་བདེན་ཡོང་ཐབས། དེ་བཞིན་ཐེའ་ཝན་གྱི་གནད་དོན། ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་ལ་གླེང་སློང་བྱེད་སྲིད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།