ཏ་ལི་བྷན་གྱིས་བུད་མེད་དང་གསར་འགོད་རང་དབང་ལ་གུས་བརྩི་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
ཨབ་གྷ་ནི་སེ་ཐན་གཞུང་དྲག་པོའི་ཐོག་ནས་བཙན་བཟུང་བྱས་ཟིན་པའི་རྗེས་སུ། དྲག་སྤྱོད་རུ་ཁག་ཏ་ལི་བྷན་གྱིས་ཁོ་ཚོའི་སྲིད་དབང་འོག་ཏུ་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་ལུགས་འོག་བུད་མེད་ཀྱི་རང་དབང་ལ་གུས་བརྩི་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག་པས། དེ་ལ་ཡིད་ཆེས་བྱེད་མཁན་དང་མི་བྱེད་མཁན་ཡང་ཡོད་པ་རེད་འདུག
ཟླ་༨ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༥ ཉིན་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་ཨབ་གྷ་ནི་སེ་ཐན་གྱི་རྒྱལ་ས་ཀ་བྷུལ་ནང་དུ་བཙན་འཛུལ་བྱས་ཏེ་སྲིད་དབང་བཙན་འཕྲོག་བྱས་རྗེས། ཚེས་༡༧ ཉིན་རུ་ཁག་དེས་གསར་འགོད་ལྷན་ཚོགས་ཐེངས་དང་པོ་འཚོགས་འདུག
སྐབས་དེར་གནད་དོན་གཙོ་བོར་ཏ་ལི་བྷན་གྱི་སྲིད་དབང་འོག་ཏུ་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་ལུགས་འོག་ཏུ་བུད་མེད་ཀྱི་ཐོབ་ཐང་ལ་གུས་བརྩི་བྱེད་རྒྱུ་ཡིན་པ་དང་། དེ་དང་བསྟུན་ནས་བུད་མེད་རྣམས་ཀྱིས་ལས་ཀ་བྱེད་ཆོག་པ་དང་སློབ་སྦྱོང་བྱེད་ཆོག་སྐོར་བརྗོད་འདུག དེ་ཡང་དེ་སྔོན་ཕྱི་ལོ་༡༩༩༦ ནས་༢༠༠༡ བར་ཏ་ལི་བྷན་གྱིས་སྲིད་དབང་བཟུང་བའི་སྐབས་སུ། ཁ་ཆེའི་ཁྲིམས་ལུགས་ཤཱ་རི་ཡ་ཁྲིམས་ལུགས་ལྟར་ཁྲིམས་འགལ་རྣམས་ལ་ཉེས་ཆད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་དང་། དུས་སྐབས་དེའི་རིང་བུད་མེད་ཀྱི་ཐོབ་ཐང་ཤིན་ཏུ་ཆུང་ཆུང་ཡིན་པས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོ་ཞིག་གིས་དུས་ངན་དེ་བསྐྱར་ལོག་ཡོང་སྲིད་པའི་སེམས་འཚབ་བྱེད་བཞིན་འདུག
དེ་བཞིན་རུ་ཁག་དེས་གསར་འགོད་རང་དབང་ལ་གུས་བརྩི་བྱེད་རྒྱུ་ཡིན་པ་དང་། སྒེར་གྱི་གསར་ཁང་ཚོས་ཀྱང་རང་དབང་ལྡན་པའི་ཐོག་ནས་ལས་དོན་སྤེལ་ཆོག་སྐོར་དང་། ཨབ་གྷན་གྱི་རིག་གཞུང་གི་སྒྲོམ་གཞིའི་འོག་ཏུ་གསར་ཁང་ཚོར་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་ཡོད་སྐོར་བརྗོད་འདུག
གསར་འགོད་ལྷན་ཚོགས་དེའི་སྐབས་སུ་གནད་དོན་གལ་ཆེན་གཞན་ཁག་ཅིག་ནི། ཏ་ལི་བྷན་གྱིས་སྲིད་གཞུང་འཛུགས་རྒྱུའི་ཆེད་དུ་ཧུར་བརྩོན་བྱེད་བཞིན་ཡོད་པས། ཉིན་ཤས་ནང་གསལ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། དེ་བཞིན་ཨབ་གྷན་གྱི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པ་འཕེལ་ཉེན་དང་འབྲེལ་ནས་ཨབ་གྷན་གྱི་ས་ཆ་དེ་སུ་གང་ལ་གནོད་སྐྱེལ་ཆེད་བེད་སྤྱོད་བྱེད་རྒྱུ་མིན། དེ་བཞིན་སྲིད་གཞུང་སྐབས་སྔོན་མའི་སྐབས་ཀྱི་ལས་བྱེད་དང་དམག་མི། ཕྱིའི་རྒྱལ་ཁབ་ཁག་གི་དམག་མི་དང་མཉམ་ལས་བྱེད་མཁན་ཚང་མར་ཉེས་ཆད་གུ་ཡངས་སྤྲོད་རྒྱུ་ཡིན་པས་ཞེད་སྣང་བྱེད་དགོས་དོན་མེད་སྐོར་བརྗོད་འདུག
ཏ་ལི་བྷན་གྱིས་བུད་མེད་ཐོབ་ཐང་གུས་བརྩི་བྱེད་རྒྱུའི་ཁས་ལེན་དང་འབྲེལ་ནས། ཨབ་གྷན་གྱི་བུད་མེད་གཅིག་གིས་ཁོ་ཚོའི་སྐད་ཆར་ཡིད་ཆེས་གང་ཡང་མེད་པས། ཁོ་ཚའི་སྲིད་དབང་སྐབས་སུ་སློབ་སྦྱོང་དང་ལས་ཀ་བྱེད་ཆེད་དུ་ཕྱིར་ཐོན་རྒྱུ་མིན་པ་དང། ཁས་ལེན་དེ་ནི་ཁོ་ཚོས་བུད་མེད་ཚོར་ཉེས་ཆད་གཏོང་ཆེད་ཀྱི་སླུ་བྲིད་བྱས་པ་ཡིན་སྐོར་བརྗོད་འདུག
འོན་ཀྱང་བུད་མེད་གཞན་ཞིག་གིས་གལ་ཏེ་བུད་མེད་ཚོས་ལས་ཀ་དང་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད་ཚེ། དེ་ནི་རང་དབང་གི་མཚན་ཉིད་ཡིན་པས། ཐོབ་ཐང་དེ་དག་སྲུང་སྐྱོབ་བྱས་ཚེ་ཕྱི་ལ་ཐོན་སྐབས་མགོ་རས་གྱོན་རྒྱུར་དགག་བྱ་མེད་པ། ཁ་ཆེའི་ལུང་པར་སྡོད་ཀྱི་ཡོད་པས་དེའི་གྱོན་ཆས་ཀྱི་ཁྲིམས་སྒྲིག་སྲུང་སྐྱོབ་བྱེད་འདོད་ཡོད་པ། འོན་ཀྱང་ལུས་པོ་ཡོངས་འགེབས་བྱེད་ཀྱི་རས་བྷུར་ཁ་གྱོན་རྒྱུར་མོས་མཐུན་མེད་པ་དང་རྒྱུ་མཚན་ནི་གྱོན་ཆས་དེ་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་སྒྲིག་ནང་གསལ་མེད་སྐོར་བརྗོད་འདུག
ཨབ་གྷ་ནི་སེ་ཐན་གྱི་སྲིད་དབང་ཏ་ལི་བྷན་གྱིས་བཙན་བཟུང་བྱས་པ་དང་བསྟུན། དབྱིན་ཡུལ་གཞུང་གིས་ཨབ་གྷན་སྐྱབས་བཅོལ་བ་ཁྲི་གཉིས་ལེན་རྒྱུ་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།