ཏ་ལི་བྷན་གྱིས་རྒྱ་ནག་“ང་ཚོའི་མཐུན་གྲོགས་གཙོ་བོ་”དེ་ཡིན་ཞེས་བརྗོད་འདུག

འཛམ་གླིང་ཧྲིལ་པོས་ཏ་ལི་བྷན་(Taliban) གྱིས་སྲིད་གཞུང་གསར་པ་ཅི་འདྲ་ཞིག་བཙུགས་ནས་རྒྱལ་ཁབ་འཛིན་སྐྱོང་དང་། དཔལ་འབྱོར་ཡར་རྒྱུས་གཏོང་སྲིད་པར་ངང་སྒུག་བྱེད་བཞིན་པའི་དུས་འདིར། ཏ་ལི་བྷན་གྱི་མགྲིན་ཚབ་པ་ཞིག་གིས་པེ་ཅིང་སྲིད་གཞུང་“ང་ཚོའི་མཐུན་གྲོགས་གཙོ་བོ་”དེ་ཡིན་ཞེས་བརྗོད་འདུག 

ཁ་སང་རེས་གཟའ་ཕུར་བུའི་ཉིན། ཏ་ལི་བྷན་གྱི་མགྲིན་ཚབ་པ་ཛ་བྷོ་ལཱ་(zabiulla Mujahid) ཡིས་ཨེ་ཊ་ལིའི་གསར་ཁང་ཞིག་གི་བཅར་འདྲིར་ལན་འདེབས་བྱེད་སྐབས། ཁོས་“རྒྱ་ནག་ལ་ང་ཚོའི་རྒྱལ་ཁབ་བསྐྱར་དུ་འཛུགས་སྐྲུན་དང་མ་འཇོག་བྱེད་པའི་འདུན་པ་ཡོད་པས། ང་ཚོའི་མཐུན་གྲོགས་གཙོ་བོ་དང་རྩ་བའི་གོ་སྐབས་ཞིག་ཡིན་”ཞེས་བརྗོད་ཡོད་འདུག 

ཟླ་སྔོན་མའི་ཟླ་མཇུག་ཏུ་ཨ་རིའི་དམག་དཔུང་ཆེས་མཐའ་མ་དེ་ཨབ་གྷ་ནི་ས་ཐན་ནས་ཕྱིར་འཐེན་བྱས་རྗེས། རྒྱལ་ཁབ་ཧྲིལ་པོ་ཏ་ལི་བྷན་ཁ་ཆེའི་ཚོགས་པས་འཇུས་ནས་ཡོད་རུང་། ཨ་རི་དང་། འཛམ་གླིང་དངུལ་ཁང་(World Bank) རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་(International Monetary Fund) ལ་སོགས་པས་ཁ་ཆེའི་ཚོགས་པ་དེར་ཨབ་གྷ་ནི་སི་ཐན་རྒྱལ་ཁབ་ཀྱི་མ་དངུལ་རྣམས་བེད་སྤྱོད་གཏོང་བའི་ཆོག་མཆན་སྤྲོད་ཀྱི་མེད་སྟབས། ཏ་ལི་བྷན་གྱི་དཀའ་ངལ་ཆེ་ཤོས་གཅིག་ནི་དཔལ་འབྱོར་ཆགས་ཡོད་འདུག 

ཏ་ལི་བྷན་ལ་མ་དངུལ་མི་འདང་བའི་དཀའ་ངལ་འཕྲད་བཞིན་པར་བརྟེན། ཁོ་ཚོས་པེ་ཅིང་སྲིད་གཞུང་ལ་རེ་བ་བཅོལ་བཞིན་ཡོད་འདུག་ཅིང་། པེ་ཅིང་གིས་ཀྱང་ད་ལྟའི་ཆར་དངོས་སུ་ཏ་ལི་བྷན་གྱི་སྲིད་གཞུང་ངོས་འཛིན་བྱས་མེད་ན་ཡང་། ཁ་ཆེའི་ཚོགས་པ་དེ་དང་འབྲེལ་ལམ་དམ་ཟབ་འཛིན་འདོད་ཡོད་པའི་རྣམ་འགྱུར་སྟོན་བཞིན་ཡོད་འདུག

རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་འགའ་ཤས་ཀྱིས་ཨབ་གྷ་ནི་སི་ཐན་ལ་ཨ་སྒོར་ཐེར་འབུམ་མང་པོའི་གཏེར་ཁ་ཡོད་པས། རྒྱ་ནག་གིས་ཏ་ལི་བྷན་ལ་རོགས་དངུལ་སྤྲོད་པ་དང་། མ་འཇོག་བྱས་ན་ཁེ་ཕན་ཆེན་པོ་ཐོབ་ངེས་ཚུལ་བརྗོད་ཀྱི་ཡོད་འདུག་རུང་། གཞན་རྣམས་ཀྱིས་ཏ་ལི་བྷན་དང་རྒྱ་ནག་གི་མཛའ་འབྲེལ་མུ་མཐུད་རྒྱུན་སྐྱོང་ཐུབ་དང་མ་ཐུབ་དེ་རྒྱ་ནག་གི་རོགས་དངུལ་ལ་ཐུག་ཡོད་པ་དང་། གལ་སྲིད་རྒྱ་ནག་གིས་རོགས་དངུལ་མཁོ་སྤྲོད་མ་ཐུབ་པ་ཡིན་ན། ཏ་ལི་བྷན་གྱི་དབང་སྒྱུར་འོག་ཏུ་ཡོད་པའི་ཨབ་གྷ་ནི་སི་ཐན་རྒྱ་ནག་གི་དཀའ་རྙོག་ཚབས་ཆེན་ཞིག་ཏུ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

རྒྱ་ནག་ཉམས་ཞིབ་པ་ཧྥི་རན་ཁི་(Frank Lehberger) ཡིས་“གལ་སྲིད་རྒྱ་ནག་དམར་ཤོག་ཚོགས་པས་དུས་ཐོག་ལ་དགོས་ངེས་ཀྱི་རོགས་དངུལ་མཁོ་སྤྲོད་བྱེད་འདོད་མེད་པའམ་བྱེད་མ་ཐུབ་པ་དང་། ཡང་ན་རྒྱ་ནག་གིས་ཏ་ལི་བྷན་ལ་ཕོག་ཐུག་གཏོང་བའི་ལས་ཀ་ཅི་འདྲ་ཞིག་བྱས་ན་ཡང་། ཏ་ལི་བྷན་གྱིས་འཕྲལ་དུ་ཁ་ཟས་སྤྲོད་མཁན་གྱི་རྒྱ་མིའི་ལག་པར་སོ་འདེབས་ངེས་རེད་”ཅེས་རྒྱ་ནག་དང་ཏ་ལི་བྷན་གྱི་འབྲེལ་ལམ་ལ་སྡོམ་ཚིག་བཀོད་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།