རྩོད་རྙོག་འདུམ་སྒྲིག་གི་ལམ་སྟོན་ཟབ་སྦྱོང་ཞིག་ཚོགས་སོང་།

ཟླ་འདིའི་ཚེས་༢༧ ནས་ཉིན་གསུམ་རིང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་གོ་སྒྲིག་འོག དྷ་སའི་ཟ་ཁང་དང་། ལམ་ཁྲོམ་སྐྱིད་སྡུག ཚོང་ཁང་ཚོགས་པ་བཅས་ཀྱི་ཚོགས་མི་རྣམས་ལ་ཉིན་གསུམ་རིང་རྩོད་རྙོག་འདུམ་སྒྲིག་སྐོར་གྱི་ཟབ་སྦྱོང་ཞིག་སྤྲད་ཡོད་པ་རེད།

unnamedདེ་ཡང་ཕྱི་ཟླ་༩ ཚེས་༣༠ ཉིན་ཟབ་སྦྱོང་མཇུག་བསྡོམས་ཀྱི་མཛད་སྒོ་ཞིག་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་འཚོགས་པ་དང་།  སྐུ་མགྲོན་གཙོ་བོ་དྷ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པ་ཕེབས་ཡོད་པ་རེད།
མཇུག་བསྡོམས་མཛད་སྒོའི་ཐོག རྩོད་རྙོག་འདུམ་སྒྲིག་ཁང་གི་ཚོགས་གཞོན་བསོད་ནམས་བདེ་ཆེན་གྱིས་རྩོད་རྙོག་འདུམ་སྒྲིག་ཁང་གི་བྱུང་རིམ་ངོ་སྤྲོད་དང་། དེ་རྗེས་རིམ་པ་བཞིན་ཟ་ཁང་སྐྱིད་སྡུག་དང་། ལམ་ཁྲོམ་སྐྱིད་སྡུག ཚོང་ཁང་ཚོགས་པ་བཅས་ཀྱི་ཚོགས་གཙོ་སོ་སོས་ཚོགས་པའི་གནས་སྟངས་ངོ་སྤྲོད་དང་འབྲེལ་ཟབ་སྦྱོང་ཉིན་གསུམ་པ་དེ་ཕན་ཐོགས་ཆེན་པོ་བྱུང་སྐོར་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་དྷ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པས་གསུང་དོན། “རྒྱ་གར་ཡུལ་མི་རྣམ་ལ་མཐུན་ལམ་གནང་དགོས་པ་གལ་ཆེན་པོ་རེད། དེ་ཡང་ཉིན་རེའི་འཚོ་བའི་ཁྲོད་ཡུལ་མི་དང་། རྒྱལ་ཕྱི་ནང་གི་མི་སྣ་ལ་འབྲེལ་བ་གཙོ་བོ་ཆགས་ས་དེ་ཟ་མགྲོན་ཚོང་གསུམ་ལ་ཆགས་ཡོང་གི་ཡོད་རེད། ང་ཚོ་བོད་མི་ཟེར་བ་དེའི་གཤིས་སྤྱོད་ཁོང་ཚོའི་སེམས་ནང་ལ་བག་ཆགས་འཇོག་མཁན་དེ། ཉིན་རེའི་འཚོ་བའི་ནང་འབྲེལ་བ་ཡོད་མཁན་ཁྱེད་རྣམ་པ་ཆགས་ཀྱི་ཡོད་རེད། དེར་བརྟེན་སོ་སོའི་ལྟོ་གོས་གཅིག་པུ་ཙམ་མ་ཡིན་པར་རྒྱབ་ལྗོངས་བོད་མི་རིགས་ཀྱི་གདོང་པ་ཆུ་ལ་གཡུག་མི་གཡུག་དེ་སོ་སོ་ལ་འགན་ཡོད་བསམ་པ་དྲན་དགོས་པ་རེད། ཚོང་ཁང་ནང་མི་ཞིག་སླེབས་ན། ངག་འཇམ་པོའི་ཐོག་ནས་སྣེ་ལེན་ཞུ་རྒྱུ་གལ་ཆེན་པོ་རེད། དེས་མི་རང་གཉིས་ཀ་ལ་ཁེ་ཕན་ཡོད་རེད། མི་དེ་རྗེས་མ་ཡོང་ནས་ཅ་དངོས་ཉོ་ཡི་རེད་ལ། མི་དེ་ཐེངས་གཉིས་པ་གསུམ་པ་ཡོང་ནས་ཅ་དངོས་ཚོང་བྲིན་པ་ཡིན་ན་སོ་སོ་སྐྱིད་པོ་ཡོང་གི་རེད། ཉོ་མཁན་མཁན་དེ་ཡིན་ན་ངག་འཇམ་སྣེ་ལེན་བྱེད་མཁན་ལ་རང་བཞིན་གྱི་དགའ་པོ་བྱེད་ཀྱི་རེད་ཅེས་དང་། དེ་བཞིན་མགྲོན་ཁང་དང་ཟ་ཁང་སོགས་ཡིན་ནའང་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་མགྲོན་པོ་སྣེ་ལེན་བྱས་ན་ཚོང་ལས་མཇུག་སྐྱོང་ཡག་པོ་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་ཚོང་ལས་དེ་འགྲན་རྩོད་བྱས་ཏེ་འགྲོ་དགོས་པ་ཞིག་ཡིན་སྐོར་དང་འབྲེལ་ནས་གསུང་དོན། “དུས་རབས་དང་མཐུན་པའི་འགྲན་རྩོད་གནང་དགོས་རེད། དེ་ཡང་ཁྱོད་ལས་ང་བཟང་དང་ངའི་ལས་ཀ་དེ། ཁྱོད་ལས་སྤུས་དག  རྒྱལ་སྤྱིའི་ཁྲོམ་རའི་ནང་ཚུད་ཐུབ་པའི་སྤུས་ཚད་ཡོད་པ་དེ་འདྲ་བྱེད་དགོས་རེད། དེ་མིན་སོ་སོ་ཡག་པོ་ཆགས་ཐབས་བྱེད་བཞིན། མི་མེད་པ་བཟོ་བའི་ཐབས་ལམ་ཀྱི་འགྲན་རྩོད་བྱས་པ་ཡིན་ན་འགྲན་རྩོད་དེས་ཕན་ཐོགས་ཡོད་མ་རེད། སྤྱི་ཚོགས་ལ་ཡང་ཕན་ཐོགས་ཀྱི་མ་རེད་”ཅེས་དང་།

ཁོང་གིས་མུ་མཐུད་གསུང་དོན། དེ་རིང་འདིར་དམིགས་བསལ་ཟ་ཁང་བདག་པོ་ཚོ་ལ་ཞུ་དགོས་པ་ཞིག་ལ། ཆེ་ཤ་ཉོ་ཚོང་བྱས་ན་ཧི་མ་ཅལ་མངའ་སྡེ་འདིའི་ནང་དཀའ་ངལ་ཆེ་ཤོས་ཡོད་རེད། ས་གནས་འདིའི་ཡུལ་མི་རྣམས་ཧིན་རྡུའི་ཆོས་ལུགས་ལ་དད་འདུན་ཞུ་མཁན་ཡིན་པའི་ཆ་ནས། ང་ཚོས་དུས་རྟག་ཏུ་ཡུལ་མིའི་གོམས་སྲོལ་གཤིས་ལུགས་ལ་བརྩི་འཇོག་ངེས་པར་དུ་ཞུ་དགོས་པ་དང༌། བོད་མིའི་ངོས་ནས་ཆེ་ཤ་ཉོ་ཚོང་གིས་ཡུལ་མིའི་གོམས་སྲོལ་བརྩི་མཐོང་མེད་པའི་བསམ་ཚུལ་བྱུང་ན།  དེའི་རྐྱེན་གྱིས་ཡུལ་མི་དང་བོད་མིའི་དབར་འཁོན་འཛིན་གྱིས་བོད་མི་ཚོར་དཀའ་ངལ་འཕར་མ་འཕྲད་ཀྱི་ཡོད་སྟབས་ཆེ་ཤ་ཉོ་ཚོང་བེད་གསུམ་རྩ་བ་ནས་མི་གནང་རོགས་ཅེས་འབོད་སྐུལ་ཡང་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།