ཏཱ་ལའི་བླ་མ་ཞི་བདེའི་ཕོ་ཉ་ཞེས་པའི་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༡ ཉིན་གྱི་ཕྱི་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་རྩོམ་པ་པོ་ཝི་ལྗའི་ཁེ་རན་ཏིས་བསྩམས་པའི་༧གོང་ས་མཆོག་གི་མཛད་རྣམ་<<ཏཱ་ལའི་བླ་མ་ཞི་བདེའི་ཕོ་ཉ་>> ཞེས་པ་དབུ་འབྱེད་ཞུས་ཡོད་པ་རེད།

vijay kranti1སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དང་། དཔེ་དེབ་རྩོམ་པ་པོ་ཝི་ལྗའི་ཁེ་རན་ཏིས་གཉིས་ཕེབས་ཡོད་པ་རེད། མཛད་རྣམས་དེ་ནི་རི་མོའི་ལམ་ནས་བྱིས་པའི་ཀློག་དེབ་ཀྱི་ངོ་བོར་བྲིས་ཡོད་པ་དང་། ༧གོང་ས་མཆོག་གི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་པ། རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐོར། ༧གོང་ས་མཆོག་དང་བོད་མི་མང་པོ་སྐྱབས་བཅོལ་དུ་ཡོང་བའི་བརྒྱུད་རིམ་སོགས་འཁོད་པའི་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་༡༤ པ་མཆོག་གི་དངོས་བྱུང་ལོ་རྒྱུས་ཀྱི་སྒྲུང་ཞིག་ཡིན་པ་རེད། དཔེ་དེབ་ནང་གི་རི་མོ་འབྲི་མཁན་ལྷ་སར་སྐྱེས་པའི་རི་མོ་བ་བསོད་དོན་ཡིན་པ་དང་། བོད་བསྒྱུར་བྱེད་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ལྕེ་ཅན་བཀྲ་ཤིས་ལམ་བཟང་ཡིན་པ་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་དྲུང་ངག་དབང་བློ་བཟང་གིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ངོ་སྤྲོད་གནང་སྐབས། རྩོམ་པ་པོ་ཁོང་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། བོད་བསྒྱུར་བྱས་པའི་མཛད་རྣམ་དེ་བཙོང་རིན་ཚང་མ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གནང་ཡོད་སྐོར། ཁོང་གིས་བོད་དོན་ལ་རྒྱུན་རིང་རྒྱབ་སྐྱོར་གནང་བ་དང་། ༧གོང་ས་མཆོག་གི་མཛད་རྣམ་འདྲི་འདྲ་ཞིག་བརྩམས་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

vijay krantiརྩོམ་པ་པོ་ཝི་ལྗའི་ཁེ་རན་ཏི་རྒྱ་གར་གསར་འགོད་པ་དང་། དཔྱད་བརྗོད་པ་ཞིག་ཡིན་པ་མ་ཟད། ལོ་༤༠ ལྷག་རིང་ལ་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པ་རེད། ཁོང་གིས་ཐོག་མར་བོད་པ་དང་འབྲེལ་བ་བྱུང་སྐབས། བཀའ་བློན་པདྨ་ཆོས་འབྱོར་དང་། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ། རྒྱ་རི་རིན་པོ་ཆེ། བསྟན་འཛིན་དགེ་བྱེད། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་། མངའ་རིས་རིན་པོ་ཆེ་སོགས་ལ་འབྲེལ་བ་བྱུང་སྐོར་ངོ་སྤྲོད་གནང་སོང་ལ། དེ་བཞིན་༧གོང་ས་མཆོག་ནི་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་དེ་ཡིན་པ་མ་ཟད། ཆོས་ལུགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་སྐོར་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་དོན་འཐབ་རྩོད་ཆེད་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གལ་ཆེན་ཡིན་པས། ཐེངས་འདིའི་དཔེ་དེབ་དེ་བཀྲམ་ནས་ཁེ་བཟང་བྱུང་བ་གཞོན་ནུ་ལྷན་ཚོགས་ལ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཆོས་རིགས་བཀའ་བློན་པདྨ་ཆོས་འབྱོར་གྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་སྐབས་རྩོམ་པ་པོ་ཁོང་ལ་བསྟོད་བསྔགས་དང་མཛད་རྣམ་དེ་གལ་ཆེན་ཡིན་གསུངས་པ་དང་འབྲེལ། ཁོང་གིས་“སྤྱིར་བཏང་ང་འདིར་ཡོང་ན་འགྲིག་གི་ཡོད་མེད་ཧ་གོ་ཡི་མི་འདུག འོས་བསྡུ་འགན་འཛིན་གྱིས་བཀའ་གྲོས་ཞེ་བོ་ཞིག་གནང་ཡོད་པ་རེད། ཡིན་ནའང་ཁོང་གིས་ལོ་ ༤༠ ལྷག་ལ་བོད་དོན་ཆེད་དཀའ་ངལ་འཛེམས་མེད་ཀྱིས་བྱས་པ་རེད། ང་ཚོའི་བོད་པའི་ནང་ལ་འདི་འདྲ་འབྲི་མཁན་བྱུང་ཡོད་པ་མ་རེད་བསམ་གྱི་འདུག ཁོ་རང་གིས་དེ་འདྲའི་གལ་ཆེན་པོ་ཞིག་ལ་རྩིས་པ་དེར་ང་ཚོའི་ཕྱོགས་ནས་ཀྱང་གལ་ཆེན་པོ་བརྩི་དགོས་པ་དང་། དེ་བཞིན་ཁོས་ང་ལ་རེ་བ་ཞིག་བརྒྱབ་ནས་ཡོང་དུས་ང་ཡོང་དགོས་པ་དེའང་ངའི་ལས་འགན་ ཆགས་ཀྱི་འདུག་བསམས་ནས་ཡོང་པ་ཡིན་”ཞེས་གསུངས་སོང་།། དེ་བཞིན་ཁོང་གིས་རི་མོའི་དེབ་འདིའི་ནང་རྒྱས་བཤད་བྱས་པའི་བོད་ཀྱི་ལོ་རྒྱུས་བྱུང་རབས་དེ་དག་ནི་གལ་གནད་ཆེ་བའི་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་པས། ཁྱེད་ཀྱིས་དེ་དག་ཁ་གསལ་ཞིང་གོ་བདེ་བའི་ཐོག་ནས་བསྐྱར་བཤད་བྱས་ཏེ་མི་ཚང་མས་སྟབས་བདེ་པོར་ཧ་གོ་ཐུབ་པ་བཟོས་འདུག་ཅེས་གསུངས་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།