རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་མཇུག་བསྒྲིལ།
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེ་ཚོགས་ཡུལ་རྒྱ་གར་བྱང་ཤར་གོ་ཧ་ཊི་བདམས་དགོས་དོན་ཡང་རྒྱ་ནག་གི་གནོན་ཤུགས་ཆེ་ཤོས་རྒྱ་གར་བྱང་ཤར་མངའ་ཁུལ་ཡིན་སྟབས། རྒྱ་དཀར་ནག་གི་སྲིད་གཞུང་གཉིས་ཀར་སྔོན་བརྡ་ཤུགས་ཆེ་ཞིག་བཏང་ཡོད་སྐོར་སྐུ་ཞབས་ཨན་ཀེ་ཊི་རི་ཀས་(Dr. N.K. Trikha) གསུངས་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢ ནས་ཉིན་གཉིས་རིང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དེ་རྒྱ་གར་བྱང་ཤར་མངའ་སྡེའི་ཨ་སམ་ཁུལ་གྱི་གྲོང་ཁྱེར་དུ་འཚོགས་པ་དང་། ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག སྲིད་སྐྱོང་བློ་བཟང་སེང་གེ་དང་། དམིགས་བསལ་སྐུ་མགྲོན་ཨ་སམ་ཁུལ་གྱི་དེ་ནིཀ་ཨ་སམ་(Dainik Assam) ཞེས་པའི་གསར་ཤོག་གི་རྩོམ་སྒྲིག་པ་ཟུར་པ་དང་་རྒྱ་གར་བའི་གསར་འགོད་པ་རྒན་བགྲེས་སྐུ་ཞབས་དི་རེནྡྲ་ནཱཐ་ཅཀྲཱ་ཝརྟི་(Shri. Dhirendranath Chakraborty) སོགས་ཕེབས་ཡོད་པ་རེད།
ཚོགས་ཆེན་དེའི་ཐོག་རྒྱ་གར་མངའ་སྡེ་ཁག་འདྲ་མིན་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་༡༨༢ ལྷག་མཉམ་ཞུགས་བྱས་ཡོད་པ་རེད།
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁི་རི་མེས་ཕེབས་བསུའི་གསུང་བཤད་གནང་བ་དང་ཕྱོགས་མཚུངས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཀེ་ཊི་རི་ཁས་ཚོགས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ཐོག་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་། གསུང་འཕྲིན་ནང་། “ཁྱེད་རྣམ་པས་རྒྱ་གར་བོད་བོད་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པར་བཅར་བ་དེས་ང་ཚོར་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོར་མཚོན་ཞིང་ང་ཚོར་སྙིང་སྟོབས་སྐྱེ་གཞིར་གྱུར་ཡོད་སྟབས་ངོས་ཀྱིས་ཁྱེད་རྣམ་པ་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་”ཞེས་སོགས་འཁོད་ཡོད་པ་རེད།
སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་བོད་ཀྱི་གནད་དོན་དེ་རྒྱ་གར་དང་འབྲེལ་བ་ཆེན་པོ་ཆགས་ཡོད་པ་དང་། བོད་དོན་གྱི་དཀའ་རྙོག་སེལ་ཚེ་རྒྱ་གར་བའི་བདེ་འཇགས་སོགས་གང་ས་ཅི་ཐད་ནས་འབྲེལ་བ་ཤུགས་ཆེ་ཡོད་སྐོར་གསུངས་པ་དང་འབྲེལ། ཁོང་གིས་གསུང་དོན། “དེ་ཡང་གང་ཟག་སྒེར་ཞིག་གི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཐུགས་འདོད་ཡོད་མེད་མི་སྒེར་སོ་སོའི་རང་དབང་ལ་རག་ལུས་ཡོད་པ་དང་། གང་ལྟར་བོད་དོན་བདེན་མཐའ་གསལ་བའི་ཉིན་དེ་ནས་བཟུང་རྒྱ་གར་གྱི་མཐའ་སྲུང་བདེ་འཇགས་དང་། ཆུ་བོའི་དཀའ་ངལ་སོགས་སེལ་བར་འབྲེལ་བ་ཤུགས་ཆེ་ཆགས་ཡོད་པ། བོད་དོན་བདེན་མཐའ་གསལ་བའི་རྒྱལ་ཁ་དེ་བཞིན་མདོར་ན་རྒྱ་གར་བའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་སྐོར། དེང་སྐབས་རྒྱ་གར་བས་རྒྱ་ནག་སྐོར་ཉམས་ཞིབ་གནང་མཁན་ཞིག་ཡིན་ན་རྒྱ་ནག་གི་གནས་སྟངས་དཔྱིས་ཕྱིན་པ་ཞིག་ཤེས་པར་དང་པོ་བོད་ཀྱི་གནད་དོན་ཤེས་པར་བྱ་རྒྱུ་གལ་ཆེ་ཡིན་པ། སྤྱིར་འཛམ་གླིང་ས་ཕྱོགས་ཚང་མས་བོད་དོན་ཐོག་རྒྱབ་སྐྱོར་གནང་གི་ཡོད་རུང་རྒྱ་གར་གཞུང་དང་རྒྱ་གར་མི་མང་ནི་བོད་དོན་ཐོག་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཆེ་ཤོས་ཡིན་པ། འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་དབུ་མའི་ལམ་གྱི་ལངས་ཕྱོགས་འདི་ཐོག་ནས་བོད་དོན་བདེན་མཐའ་གསལ་ངེས་རེད་”ཅེས་སོགས་གསུངས་ཡོད་པ་རེད།
ཚོགས་ཆེན་དངོས་གཞི་འགོ་འཛུགས་ཀྱིས་ཚོགས་བཅར་བ་རྣམས་སྡེ་ཚན་དྲུག་ལ་ཆ་བགོས་ཀྱིས་སྡེ་ཚན་སོ་སོའི་བོད་ཀྱི་གནད་དོན་དང་འབྲེལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ་དང་། ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་སྡེ་ཚན་སོ་སོའི་བགྲོ་གླེང་གི་གྲུབ་དོན་རྣམས་སྒྲོགས་སྦྱང་གནང་། ཕྱི་དྲོ་ཆུ་ཚོད་༥ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་ཆེད་ཚོགས་བཅར་བ་རྣམས་ཀྱིས་གོ་ཧ་ཊིའི་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གནང་། ཕྱི་དྲོ་ཆུ་ཚོད་༦ ཐོག་རྡོ་རྗེ་གླིང་གངས་ལྗོངས་རུ་ཁག་གི་སྲོལ་རྒྱུན་གཞས་སྣ་ཁག་གཅིག་དང་དེ་བཞིན་ཨ་སམ་མངའ་ཁུལ་གྱི་སྲོལ་རྒྱུན་གཞས་སྣ་ཁག་གཅིག་བཅས་འཁྲབ་སྟོན་གནང་ཡོད་པ་རེད།

ཟླ་འདིའི་ཚེས་༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་༣ ཐོག་ཚོགས་ཆེན་མཇུག་བསྡོམས་མཛད་སྒོ་འཚོགས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་དང་། ཆེ་བསྟོད་སྐུ་མགྲོན་དུ་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཨ་ཇེ་དཏྟཱ་ Shri.Ajay Dutta སོགས་ཕེབས་ཡོད་པ་རེད།
རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཨ་ཇེ་དཏྟཱ་མཆོག་གིས་གསུང་བཤད་གནང་དོན། “བོད་ནི་འཛམ་གླིང་གི་མཐོ་སྒང་ཡིན་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་མགོན་སྐྱབས་ཡིན་པ་མ་ཟད། འཛམ་གླིང་མི་མང་གི་ཞི་བདེའི་དེད་དཔོན་དང་ཞི་བའི་མཚོན་རྟགས་ཤིག་ཀྱང་ཡིན། དེར་བརྟེན་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཞུ་རྒྱུ་ཡིན། བོད་ནི་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་ཞི་བདེའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། འཕགས་བོད་གཉིས་ནི་ལོ་ངོ་ཧ་ཅང་མང་པོའི་རིང་བློ་ཐག་ཉེ་ཤོས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན། རྒྱ་ནག་དམར་ཤོག་གིས་ཞི་བདེ་ལྡན་པའི་བོད་དེ་ཧམ་བཟུང་བྱས་ནས་བོད་མི་སྟོང་ཕྲག་དམར་གསོད་དང་། དགོན་པ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་ཡོད། དེར་བརྟེན་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ན་ཧ་ཅང་ཕྲ་བའི་དུས་སྐབས་སུ་རྒྱ་གར་དུ་༸ཞབས་སོར་འཁོད་དགོས་བྱུང་ཡོད། ང་རང་འཛིན་གྲྭ་བཅུ་པའི་སློབ་ཕྲུག་ཡིན་སྐབས་བོད་མིའི་གནས་སྟངས་མཐོང་མྱོང་། སྐབས་དེར་འཕགས་བོད་མི་རིགས་གཉིས་དབར་མཐུན་འབྲེལ་དམ་ཟབ་ཡོད་པའང་ངས་ཤེས་ཀྱི་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་རིང་བོད་ལ་༸ཞབས་སོར་འཁོད་ནས་བོད་ལ་སྐྱིད་པའི་ཉིན་མ་ཞིག་འཆར་རྒྱུར་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད། ལྷག་པར་ཚོགས་ཆེན་འདི་ལྟ་བུ་གོ་ཧ་ཊིར་ཚོགས་ཐུབ་པར་ང་རང་ཧ་ཅང་དགའ་པོ་བྱུང་”ཞེས་གསུང་བཤད་གནང།
སྐུ་ཞབས་ཨེན་ཀེ་ཊི་ཀས་ཚོགས་ཆེན་ཉིན་གཉིས་རིང་བགྲོ་གླེང་གནང་བའི་ཕྱོགས་བསྡོམས་ཀྱི་གསུང་བཤད་གནང་བ་མ་ཟད། ཚོགས་ཡུལ་གོ་ཧ་ཊི་བདམས་དགོས་དོན་ཡང་རྒྱ་ནག་གི་གནོན་ཤུགས་ཆེ་ཤོས་རྒྱ་གར་བྱང་ཤར་མངའ་ཁུལ་ཡིན་སྟབས། རྒྱ་དཀར་ནག་གི་སྲིད་གཞུང་གཉིས་ཀར་སྔོན་བརྡ་ཤུགས་ཆེ་ཞིག་བཏང་ཡོད་སྐོར་དང་། གཞན་ཡང་གཞོན་སྐྱེས་ཚོས་སེམས་ཁུར་བླངས་ཏེ་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་བོད་དོན་སྐོར་གོ་རྟོགས་ནུས་པ་ལྡན་པ་ཞིག་སྤེལ་ཐུབ་པའི་ཆ་རྐྱེན་ཡོད་པ་བཞིན་གནང་རོགས་ཞེས་འབོད་སྐུལ་གནང་བ་དང་། “བོད་དོན་ནི་བོད་གཅིག་པུའི་གནད་དོན་ཞིག་མ་རེད། བོད་དོན་ནི་རྒྱ་གར་བའི་གནད་དོན་ཞིག་ཀྱང་ཆགས་ཡོད་”ཅེས་དང་། དེ་བཞིན་ཁོང་རང་ཉིད་ཀྱི་མི་ཚེ་གང་པོར་བོད་དོན་ཐོག་འཐབ་རྩོད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།