ཏུར་ཀིའི་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་འཛིན་བཟུང་དང་མི་མང་སྟོང་ཚོ་མང་པོས་ངོ་རྒོལ།

ཏུར་ཀིའི་གཞུང་འཛིན་སྲིད་དོན་ཚོགས་པས་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ལྐོག་ཟ་རུལ་སུངས་བྱས་ཡོད་ཚུལ་བརྗོད་ནས་འཛིན་བཟུང་བྱས་ཡོད་འདུག་ལ། མི་མང་སྟོང་ཚོ་མང་པོས་ད་ལྟའི་གཞུང་འཛིན་སྲིད་དོན་ཚོགས་པའི་ངོས་ནས་ཕྱོགས་འགལ་སྲིད་དོན་ཚོགས་པ་མེད་པ་བཟོ་ཐབས་ཆེད་དུ་འགོ་ཁྲིད་འཛིན་བཟུང་བྱས་སོང་ཞེས་བརྗོད་ནས་ངོ་རྒོལ་རྒྱ་ཆེན་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་༢༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཏུར་ཀིའི་ནང་ལས་ཐོག་སྲིད་འཛིན་(Erdogan )ཡི་གཞུང་འཛིན་སྲིད་དོན་ཚོགས་པས་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་དང་གྲོང་ཁྱེར་གཅིག་གི་སྤྱི་ཁྱབ་པ་(Ekrem Imamoglu)ཟེར་བ་ཁོང་ལྐོག་ཟ་རུལ་སུངས་བྱས་ཡོད་ཚུལ་བརྗོད་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་དོན་རྐྱེན་དེ་བྱུང་ཡོད་འདུག་པར་བརྟེན། ཉིན་དེ་ནས་བཟུང་ད་བར་ཉིན་གྲངས་བདུན་འགྲོ་བཞིན་ཡོད་འདུག་ཅིང་།

ཉིན་གྲངས་དེ་དག་གི་རིང་མི་མང་ཚོས་ངོ་རྒོལ་ཧ་ཅང་རྒྱ་ཆེན་པོ་བྱེད་བཞིན་ཡོད་འདུག འཛིན་བཟུང་བྱས་པའི་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་ཁོང་གིས་ཁོང་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་པ་དེ་བདེན་པ་མིན་པ་དང་། དེ་ནི་གཞུང་འཛིན་སྲིད་དོན་ཚོགས་པ་རང་གི་འདོད་དོན་འགྲུབ་ཆེད་དང་། སྲིད་དོན་གྱི་བྱུས་ངན་བཤམས་ཡོད་པ་བརྗོད་ཡོད་འདུག ད་བར་གཞུང་གིས་དམག་མི་དང་ཉེན་རྟོག་པ་བཏང་ནས་མི་མང་ཁྱོན་༡༤༠༠ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ལ། སྲིད་འཛིན་(Erdogan )གྱིས་གཟའ་མིག་དམར་ཉིན་མི་མང་ཚོས་ཏུར་ཀི་རྒྱལ་ཁབ་ནང་ཟིང་འཁྲུག་མུ་མཐུད་ནས་བསླངས་ན། མཐའ་མར་མཇུག་འབྲས་ངན་པ་ཞིག་ཡོང་རྒྱུ་ཡིན་པར་བརྗོད་འདུག འོན་ཀྱང་། ཉིན་མོ་དེའི་དགོང་མོར་ཏུར་ཀིའི་མཐོ་སློབ་མང་པོ་ཞིག་ནས་སློབ་མ་སྟོང་ཚོ་མང་པོ་ཞིག་སྒེར་ལངས་བྱེད་འགོ་བཙུགས་ཡོད་འདུག་ཅིང་། གཞུང་ལམ་དང་འགྲིམ་འགྲུལ་བརྒྱུད་ལམ་མང་པོ་ཞིག་མི་མང་གིས་བཀག་ནས་གཞུང་ལ་ངོ་རྒོལ་རྒྱ་ཆེན་བྱེད་འགོ་བཙུགས་ཡོད་འདུག སློབ་མ་ཚོའི་དགོས་འདུན་ནི་ལས་ཐོག་སྲིད་འཛིན་དགོངས་པ་ཞུ་དགོས་པ་དང་། ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག

ཏུར་ཀིའི་ཕྱོགས་འགལ་སྲིད་དོན་ཚོགས་པ་མི་མང་སྤྱི་མཐུན་སྲིད་དོན་ཚོགས་པའི་ངོས་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག་ལ། བསྒྲགས་གཏམ་དེའི་ནང་ང་ཚོས་(Ekrem Imamoglu)ཁོང་འཛིན་བཟུང་བྱས་པ་ནི་ཁྲིམས་འགལ་ཡིན་པས་ངེས་པར་དུ་གང་མགྱོགས་གློད་བཀྲོལ་དགོས་ཞེས་དང་། ཏུར་ཀིའི་གཞུང་གི་ལས་དོན་ཁྲོད་ཕྱི་གསལ་ནང་གསལ་དགོས་པ་དང་། བསྐྱར་དུ་འོས་བསྡུ་བྱེད་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག ཏུར་ཀིའི་ནང་སྲིད་བློན་ཆེན་གྱིས་བརྗོད་དོན་ལ་བདུན་ཕྲག་སྔོན་མར་ཁྱོན་མི་མང་༡༤༧༨ གཞུང་གི་བཀའ་རྒྱའི་འོག་འཛིན་བཟུང་བྱས་ཡོད་པ་དང་། མི་མང་དེ་ཚོ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཏུར་ཀིའི་གཞུང་གིས་མི་མང་གང་བྱུང་འཛིན་བཟུང་དང་། བཙན་འཁྲིད་བྱེད་བཞིན་པ་དེ་ལ་བློ་ཕམ་དང་གདུང་སེམས་མཉམ་བསྐྱེད་ཡོད་པར་བརྗོད་འདུག དེ་བཞིན་ཨ་རིའི་ཕྱི་སྲིད་བློན་ཆེན་(Marco Rubio)ཡིས་ཏུར་ཀིའི་ཕྱི་སྲིད་བློན་ཆེན་(Hakan Fidan)ཟེར་བ་དེ་ལ་ཏུར་ཀིའི་གཞུང་གིས་འདས་པའི་བདུན་ཕྲག་སྔོན་མར་གནད་ཡོད་མི་སྣ་༡༠༠ ལྷག་ཙམ་འཛིན་བཟུང་བྱས་ཡོད་འདུག་པ་དང་། དེ་དག་གི་ཁོངས་ནས་སྲིད་དོན་པ་དང་། གསར་འགོད་པ། ཚོང་པ་སོགས་མི་མང་པོ་འཛིན་བཟུང་བྱས་པ་དེ་ནི་བློ་ཕམ་བྱེད་དགོས་པ་ཞིག་ཡིན་པར་བརྗོད་ཡོད་འདུག

ད་ལྟ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་དེ་ནི་ད་ལྟའི་ལས་ཐོག་སྲིད་འཛིན་(Erdogan )ལ་ཁ་གཏད་གཅོག་མཁན་གཙོ་བོ་ཞིག་ཡིན་འདུག་ཅིང་། ལས་ཐོག་སྲིད་འཛིན་གྱིས་འདས་པའི་མི་ལོ་༢༢ རིང་སྲིད་དབང་བཟུང་ཡོད་འདུག དུས་ཡུན་དེ་དག་གི་རིང་ལས་ཐོག་སྲིད་འཛིན་གྱིས་ཏུར་ཀིའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འགྱུར་བ་བཏང་ནས་ཁོ་རང་ཐོག་མ་སྲིད་བློན་ཡིན་སྐབས་སྲིད་བློན་གྱི་གོ་གནས་མེད་པ་བཟོས་ནས་སྲིད་འཛིན་ལམ་ལུགས་བཟོས་ཡོད་འདུག་ཅིང་། དེ་ནས་ཁོང་རང་གིས་སྲིད་འཛིན་བྱས་ནས་ད་བར་མི་ལོ་༢༢ འགྲོ་བཞིན་ཡོད་འདུག སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད་དོན་ལ་ལས་ཐོག་སྲིད་འཛིན་གྱི་དུས་ཡུན་དེ་ཕྱི་ལོ་༢༠༢༨ ལོ་རྫོགས་འགྲོ་ཡི་ཡོད་པ་དང་། སྐབས་དེར་ཁོང་རང་ཉིད་འོས་བསྡུའི་ཁྲོད་ལང་ཐུབ་ཀྱི་མེད་ཀྱང་། འོས་བསྡུ་སྔོན་ལ་བསྐྱར་དུ་བྱས་ནས་ཁོ་རང་གིས་སྲིད་དབང་སྒེར་གཅོད་བྱས་ཏེ་སྡོད་འདོད་ཡོད་པ་རེད་ཅེས་རྗོད་མཁན་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།