ཏོག་དབྱིབས་ནད་དུག་ཁྱབ་གདལ་རྗེས་སུ་རྒྱ་གར་གྱི་མངའ་སྡེའི་གྲོས་ཚོགས་འོས་བསྡུ་དང་པོ་དེ་མགོ་བཙུགས་འདུག 

མི་མང་ས་ཡ་༡༢༤ ལྷག་ཡོད་པའི་རྒྱ་གར་གྱི་བྷི་ཧར་མངའ་སྡེའི་གྲོས་ཚོགས་འོས་བསྡུ་མགོ་བཙུགས་འདུག་པ་དང་། ཏོག་དབྱིབས་ནད་དུག་ཁྱབ་གདལ་དང་དཔལ་འབྱོར་ཉམས་རྒུད་སོགས་ལ་བརྟེན་ནས། འོས་བསྡུའི་གྲུབ་དོན་སུ་ལ་རྒྱལ་ཁ་ཐོབ་མིན་ཚོད་དཔག་བྱེད་རྒྱུ་ཁག་པོ་ཆགས་ཀྱི་ཡོད་འདུག 

ཟླ་༡༠ པའི་ཚེས་༢༨ ཉིན་ཧིན་རྡི་སྐད་ཡིག་བེད་སྤྱོད་བྱེད་མཁན་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཆེ་གྲས་དང་སྲིད་དོན་ནང་གལ་གནད་ཆེ་གྲས་སུ་ཚུད་པའི་བྷི་ཧར་མངའ་སྡེའི་ནང་། མངའ་སྡེའི་གྲོས་ཚོགས་ཀྱི་རྐུབ་སྟེགས་༢༤༣ ལ་འོས་ཤོག་འཕེན་རྒྱུ་འགོ་བཙུགས་འདུག དེ་ཡང་འོས་བསྡུར་འོས་ཤོག་འཕེན་པའི་རིམ་པ་གསུམ་ཡོད་འདུག་པ་དང་། འོས་གྲངས་རྩིས་བཤེར་དེ་ཟླ་༡༡ པའི་ཚེས་༡༠ ཉིན་བྱེད་རྒྱུ་ཡིན་འདུག མངའ་སྡེའི་ནང་འོས་འཕེན་པའི་ཆ་རྐྱེན་ལྡན་པའི་མི་མང་ས་ཡ་༧༠ ལས་མང་བ་ཡོད་ཁར། ཁྱོན་བསྡོམས་ཀྱི་མི་འབོར་ནི་ཉི་ཧོང་དང་འདྲ་མཉམ་ཡིན་འདུག 

ད་ལྟའི་ཆར་མངའ་སྡེ་དེར་བྷི་ཇི་བྷི་དང་ས་གནས་ཀྱི་སྲིད་དོན་ཚོགས་པ་ཞིག་གཉིས་ཟླ་སྒྲིལ་ཐོག་ནས་གཞུང་འཛིན་བྱེད་ཀྱི་ཡོད་ཀྱང་། སྤྱི་ཁྱབ་བློན་ཆེན་(Nitish Kumar) གྱིས་ལོ་ངོ་༡༥ ཡི་རིང་གཞུང་འཛིན་བྱས་ཡོད་ཁར། ཏོག་དབྱིབས་ནད་དུག་གི་རྐྱེན་པས་འགྲོ་སྐྱོད་བཀག་སྡོམ་སྐབས་སུ། མངའ་སྡེ་གཞན་ལ་ངལ་རྩོལ་བྱེད་མཁན་ལས་མི་ས་ཡ་༢ ལས་མང་བ་ཞིག་དཀའ་ངལ་དུ་མའི་འོག་ཕྱིར་རང་གནས་སུ་ལོག་ཡོད་པ་དང་། མང་པོ་ཞིག་གིས་སྤྱི་ཁྱབ་བློན་ཆེན་གྱིས་ངལ་རྩོལ་བ་ཚོར་ཕྱིར་རང་གནས་སུ་ལོག་རྒྱུར་མཐུན་སྦྱོར་ཚགས་ཚུད་བྱས་མེད་པའི་སྐྱོན་བརྗོད་བྱེད་བཞིན་འདུག དེ་བཞིན་ཐེངས་འདིར་ས་གནས་ཀྱི་སྲིད་དོན་ཚོགས་པ་གསར་པ་༡༡ ཀྱིས་ཀྱང་འོས་འགྲན་བྱེད་ཀྱི་ཡོད་འདུག་པས། བྷི་ཇི་བྷི་དང་ཟླ་སྒྲིལ་ཚོགས་པ་དེར་རྒྱལ་ཁ་ཐོབ་མིན་ཚོད་དཔག་བྱེད་རྒྱུ་ཁག་པོ་ཡིན་འདུག 

གལ་ཏེ་ཐེངས་འདིའི་འོས་བསྡུར་བྷི་ཇི་བྷི་ལ་རྒྱལ་ཁ་མ་ཐོབ་ཚེ། ལོ་རྗེས་མར་བྷེན་གྷལ་དང་། ཀེ་རེ་ལ། ཏ་མིལ་ན་རྡུ་བཅས་ཀྱི་མངའ་སྡེ་གསུམ་ནང་དུ་མངའ་སྡེའི་གྲོས་ཚོགས་འོས་བསྡུ་བྱེད་རྒྱུ་ཡིན་འདུག་པས། མངའ་སྡེ་དེ་གསུམ་ནང་གདེང་ཚོད་སླེབས་རྒྱུ་ཁག་པོ་ཡིན་འདུག 

བྷི་ཧར་ནི་རྒྱ་གར་ནང་གི་དཔལ་འབྱོར་སྐྱོ་ཤོས་ཀྱི་མངའ་སྡེའི་གྲས་སུ་ཚུད་ཀྱི་ཡོད་པ་དང་། མངའ་སྡེའི་མི་མང་ས་ཡ་མང་པོ་མངའ་སྡེ་གཞན་དུ་ངལ་རྩོལ་ཆེད་དུ་འགྲོ་སྐྱོད་བྱེད་ཀྱི་ཡོད་པ་རེད། ད་ལྟའི་ཆར་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་ལས་ཀ་མེད་མཁན་མང་དུ་ཕྱིན་ཡོད་འདུག འོན་ཀྱང་རྒྱ་གར་གྱི་སྲིད་བློན་མཱི་རྡི་ལ་སྐྱོན་བརྗོད་བྱེད་མཁན་དེ་འདྲ་མང་པོ་མེད་ཁར། སྤྱི་ཁྱབ་བློན་ཆེན་ལ་སྐྱོན་བརྗོད་བྱེད་མཁན་མང་བ་ཡོད་འདུག ད་བར་མངའ་སྡེ་དེའི་ནང་བྷི་ཇི་བྷི་སྲིད་དོན་ཚོགས་པར་དགོས་ངེས་མང་མོས་ཀྱི་རྐུབ་སྟེགས་གྲངས་ཐོབ་མྱོང་མེད་རྐྱེན་ཟླ་སྒྲིལ་ཚོགས་པ་བཟོ་ཡི་ཡོད་འདུག་ཀྱང་། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ནས། ཟླ་སྒྲིལ་གྱི་ལམ་ལུགས་དེར་འགྱུར་བ་ཡང་འགྲོ་སྲིད་པ་རེད་འདུག 

མངའ་སྡེ་དེའི་ནང་ཉིན་ཤས་སྔོན་དུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཁག་ཅིག་གི་སྐབས་སུ། མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཡོད་ཁར། ཕན་ཚུན་བར་ཐག་འཇོག་གི་མེད་པའི་ཐོག་ཁ་རས་མི་གྱོན་མཁན་ཡང་ཤིན་ཏུ་མང་པོ་ཡོད་འདུག་པས། ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་སེམས་འཚབ་བྱེད་བཞིན་འདུག འོས་བསྡུ་ལས་ཁང་གིས་ཏོག་དབྱིབས་སྔོན་འགོག་གི་སྒྲིག་འཛུགས་དང་འགལ་མི་རུང་བའི་ཉེན་བརྡ་བཏང་ཡོད་ཀྱང་། མི་མང་ཚོས་སྣང་མེད་བཏང་ཡོད་ཁར། དྲིལ་བསྒྲགས་ལས་འགུལ་སྤེལ་མཁན་འོས་མི་ཚོས་ཀྱང་མི་མང་ལ་རེ་སྐུལ་བྱས་མེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།