ཏོག་དབྱིབས་ནད་པ་ཞིག་གི་མྱོང་ཚོར་དངོས།
ན་ནིང་ཕྱི་ཟླ་༡༢ ཡས་མས་ནང་རྒྱ་ནག་ཝུ་ཧན་ནས་ན་ཚ་ཚབས་ཆེན་ཞིག་ཐོན་པ་རེད་ཟེར་ནས་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཚ་ཚ་འུར་འུར་གྱིས་བཤད་པ་མཐོང་ཐོས་བྱུང་།
རེད་དེ། དེ་ནི་རྒྱུན་ལྡན་གྱི་གསར་འགྱུར་ཙམ་ཞིག་ལས། ཉེན་ཁ་དང་ཁྱབ་བརྡལ་མགྱོགས་པོ་དེ་འདྲ་ཡོད་རེད་དྲན་མ་སོང་། ངོ་མ་ཚོད་དཔག་དཀའ་བའི་རིམས་ནད་དེ་རིམ་པའི་ངར་ཤུགས་ཆེ་རུ་ཆེ་རུ་དང་། ཁྱབ་ཚད་ཧ་ཅང་གི་མྱུར་པོར་གྱུར་ནས་འཛམ་གླིང་གང་སར་ད་བར་ཁྱོན་མིའི་ཚེ་སྲོག་ས་ཡ་ཕྲོགས་པ་དང་། ནད་པ་ས་ཡ་མང་པོ་ཉིན་རེ་ནས་ཉིན་རེར་གྲངས་ཚད་འཕར་ཞིང་། ཆེ་ས་རྒྱལ་ཁབ་དང་ཆུང་ས་མི་སྒེར་གྱི་བར་སྲིད་འབྱོར་རིག་གསུམ་ལ་ཉམས་རྒུད་ཚབས་ཆེན་བཏང་བས་དཀའ་ངལ་དང་། མུ་གེའི་སྟེང་ལ་ཟླ་ལྷག གཟའ་རོའི་སྒང་ལ་རྐང་ཀྱོག་ཟེར་བའི་དཔེ་ལྟར། རང་དོན་ཁོག་བཅུག་གི་ཆབ་སྲིད་པ་དང་། སྨན་པ་ལ་ལས་སྨན་ཁང་དུ་ནད་པ་མང་བའི་གོ་སྐབས་དང་བསྟུན། ནད་པའི་མཁལ་མ་བརྐུས་པ་དང་སྒོར་མོ་གཡོ་ལེན་བྱས་པ་སོགས་ཀྱིས་ལས་ངན་སྣ་མང་བྱས་པའི་གནས་ཚུལ་བྱུང་བས།མི་དམངས་ལ་ཏོག་དབྱིབས་ནད་དུག་འགོས་ཀྱང་སྨན་ཁང་དུ་འགྲོ་མི་ཕོད་པ་སོགས་དཀའ་ངལ་དེ་ལས་ཆེ་བ་འཕྲད་བཞིན་འདུག
ད་བར་ང་སྡོད་སར་ཟླ་བ་བདུན་ལྷག་གི་རིང་རང་གཞན་ཀུན་གྱི་ཚེ་སྲོག་ཆེད་ཁྱིམ་སྡོད་བཀའ་རྒྱ་འོག་རང་རང་གི་ཁྱིམ་དུ་བསྡད། སྤྱི་དང་སྒེར། འཛིན་སྐྱོང་ཤེས་རིག་གི་ལས་དོན་སོགས་ཡོངས་རྫོགས་བཀག་སྡོམ་དང་གཡས་གཡོན་སོགས་ལ་ཉིན་ལྟར་གཙང་སྦྲ་དང་དུག་སེལ་བྱེད་ཀྱི་ཡོད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ། དགོང་མོ་ཞིག་ང་སྒོ་རའི་ནང་སྐོར་རར་འགྲོ་དུས་གཟུགས་པོ་ཐང་ཆད་པ་དང་། དེའི་མཚན་མོར་རྒྱབ་ཀྱི་རུས་པར་ན་ཟུག་དང་། གཉིད་མ་ཁུག་པར་རྔུལ་ནག་ཐོན་པ་སོགས་དཀའ་ངལ་ཏོག་ཙམ་ཕྲད་བྱུང་། ངས་བསམ་པར་ཆམ་པ་ན་བ་ཡིན་ས་རེད་དྲན་སོང་། ཞོགས་པ་མ་ཎི་རིལ་བུ་དང་བོད་སྨན་འཕྲུལ་ཐང་ཞིག་བཏུང་ནས་སྔ་རྒྱུན་བཞིན་རང་སྦྱོང་བྱས་པ་ཡིན། ཡིན་ནའང་གཟུགས་པོ་ཐང་ཆད་པ་དང་ཉོབ་སྣང་ཆེ་བས་དེ་ཙམ་བདེ་པོ་མི་འདུག ད་དུང་ངས་དོ་སྣང་དེ་ཙམ་སྤྲད་མེད། དེའི་ཉིན་གུང་ཚ་བ་ཡང་འཕར་གྱི་འདུག་པས་སྨན་ཁང་ལ་ཕྱིན་པ་ཡིན། སྨན་པས་ང་ལ་གང་ན་མིན་སྐོར་དྲིས་སྐབས། ངས་ནད་རྟགས་རེ་རེ་བཞིན་ལབ་དུས་སྨན་པས་བརྟག་དཔྱད་གང་ཡང་མ་གནང་བར་ཨོ་་་་་ཧོ་ཆམ་ནད་རེད། ངས་སྨན་དང་ཁབ་སྤྲད་ཡོད་ལམ་སང་དྲག་གི་རེད་ལབ་སོང་། དེ་ནས་སྨན་ཞབས་པས་ཁབ་རྒྱབ་ཏེ། ཉིན་བཞིའི་རྒྱ་སྨན་སྤྲད་སོང་། དེ་ནས་མངོན་གསལ་དོད་པོ་ཚ་བ་འཇག་སོང་། གཟུགས་པོ་ཅུང་ལྷོད་ཤིག་ཤིག་འདྲ་བྱུང་སོང་། ཡིན་ནའང་གཟུགས་པོ་རྒྱུན་ལྡན་དང་མི་འདྲ་བ་ལྗིད་ཁོག་ཚ་པོ་དང་ལས་ཀ་གང་ཡང་བྱེད་སྙིང་མི་འདོད་པ། ཐ་ན་ཟ་མ་ཡང་ཟ་སྙིང་མི་འདོད་པ་མ་ཚད། ཟས་ཀྱི་བྲོ་བ་ཡང་ཚོར་གྱི་མི་འདུག དེ་ནས་བློ་མ་བདེ་བས་ཏོག་དབྱིབས་རིམས་ནད་བརྟག་དཔྱད་བྱས་པ་ཡིན། བརྟག་དཔྱད་བྱེད་མཁན་གྱི་མི་མང་པོའི་བང་རིམ་དཀྱིལ་ནས་སྨན་པས་ཁྱོད་རང་ནད་རྟགས་ཐོན་སོང་ཟུར་དུ་བཞུགས་རོགས་ལབ་སོང་། དེ་ནས་ངའི་གདོང་གི་རྣམ་འགྱུར་ཡང་ཅུང་འགྱུར་བ་འདྲ། སྨན་པས་གང་ཡང་གནང་གི་མ་རེད་སེམས་ལྷོད་ལྷོད་བྱོས་ལབ་སོང་།
ང་ལ་མཚོན་ན་དངངས་སྐྲག་དང་འཇིགས་སྣང་དེ་ཙམ་རང་མ་བྱུང་། དེ་ནས་ཉིན་གུང་ཁ་ལག་ཟོས་ནས་ལམ་སང་སྨན་ཁང་དུ་འགྲོ་དགོས་རེད་ཅེས་གསུངས་སོང་། ང་དང་ནད་པ་རོགས་པ་གཅིག་མཉམ་དུ་ཁྲིད་འགྲོ་སོང་། སྨན་པས་ངེད་གཉིས་གཡས་གཡོན་དུ་ཡོད་པའི་མི་རྣམས་ཕར་གཤིབ་ཚུར་གཤིབ་ལབ་ནས་མི་རྣམས་ངེད་གཉིས་ཐག་རིང་ས་ནས་ཧང་སང་མདོག་དང་ཉེན་ཁ་ཆེ་མདོག་གིས་བལྟ་བཞིན་འདུག་པས་ཅུང་ངོ་ཚ་བོ་འདྲ་བྱུང་།
དེ་ནས་འགོག་དབྱེ་ཟུར་འཇོག་ཁང་དུ་ཕྱིན་པ་ཡིན། ནད་པ་ཉིས་བརྒྱ་ལྷག་ཡོད་ཚོད་འདུག ནད་པ་ཚང་མས་འཛུམ་མུལ་མུལ་གྱིས་ཁྱོད་ཀྱང་སླེབས་འདུག་ཟེར་བ་སོགས་ངོ་ཤེས་པ་རྐྱང་རེད་འདུག་པས་ཚང་མ་དགའ་དགའ་ཧ་ཧ་ལས། གདོང་གཤིས་སྐྱོ་བོ་དང་སེམས་སྡུག་མདོག་གི་རྣམ་པ་ཅན་གྱི་ནད་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་ནས་ནད་གསོ་ཁང་དུ་ཉིན་རེ་བཞིན་ཚ་བ་དང་། ཁྲག་ཤེད། སྙིང་གི་འཕར་ཚད་སོགས་ཆད་མེད་བརྟག་དཔྱད་གནང་རྗེས། ད་དུང་དཀའ་ངལ་གཞན་ཡོད་མེད་སོགས་ཞིབ་ཚགས་འདྲི་ཡི་འདུག ངས་སྨན་པ་ཚོ་ཐེངས་དང་པོ་མཐོང་དུས་ཁོང་ཚོས་མགོ་ལུས་ཡོངས་སུ་གོས་དཀར་ PPEགྱིས་བཏུམས་ཤིང་། ཐ་ན་གདོང་རིས་ཙམ་ཡང་ངོ་མི་ཤེས་པ་མཐོང་དུས། རྒྱ་ནག་ཝུ་ཧན་གྱི་གནས་ཚུལ་རྣམས་མིག་ལམ་དུ་འཆར་ནས། མཐོང་སྣང་ཧ་ཅང་མ་བདེ་བ་དང་དངངས་འཚབ་ཤིག་རང་བཞིན་གྱིས་སྐྱེས་ཡོང་གིན་འདུག རེད་དེ་ཁོང་རྣམ་པ་དང་ཉིན་རེ་བཞིན་གཤིབ་ནས་བརྟག་དཔྱད་ཀྱི་ལམ་ནས་ལུས་ལ་བྱམས་ཆ་དང་སེམས་ཀྱི་སློབ་གསོ་སོགས་རྒྱུས་ལོན་བྱེད་སྐབས་ང་ནི་ཁོང་རྣམ་པ་དང་བློ་ཐག་ཉེ་ལ་ཡིད་སྨོན་ཧ་ཅང་སྐྱེས་སོང་།
དམ་པའི་གསུང་རབ་ལས། སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱིས་འཇིག་རྟེན་དུ་ཆུ་ལ་སྤྲུལ་པ་དང་། ལམ་ལ་སྤྲུལ་པ། ཟམ་པར་སྤྲུལ་པ། སྨན་པར་སྤྲུལ་པ་སོགས་ཡོད་ཟེར་བ་དེ་ནི་རང་ཉིད་བློས་བཏང་གིས་གཞན་དོན་གྱི་བྱ་བ་སྒྲུབ་མཁན་ཁོང་རྣམས་རེད་འདུག་སྙམ་པའང་བྱུང་།
ང་རང་ཡང་ཁ་ནས་སྙིང་རྗེ་དང་ལས་འབྲས་བཤད་མཁན་ཙམ་མ་ཡིན་པར་ཁོང་རྣམ་པ་དང་འདྲ་བའི་ཁ་ཡོད་ལག་ཡོད་ཀྱིས་གཞན་ཕན་ལག་བསྟར་ཐུག་མཁན་ཞིག་ཡིན་ན་ཅི་མ་རུང་སྙམ་པའི་བསམ་བློ་ཞིག་དབང་མེད་དུ་འཁོར་སོང་། ན་ཚ་དེ་ནི་རྒྱུན་ལྡན་གྱི་ན་ཚ་དང་མི་འདྲ་བར་འགོས་སླ་ཞིང་འགོས་ན་སྨན་མེད་ཅིང་སྲོག་ལ་ཉེན་ཁ་ཆེ་བའི་འབྱུང་རྐྱེན་སོགས་རྩལ་མ་ཆོད་པའི་ནད་ངན་འཁྱམས་པོ་ཞིག་ཡིན་པས། ད་ལྟའི་ཆར་འཛམ་གླིང་ཤར་ནུབ་ཚང་མ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཡོད། སྤྱིར་སྟངས་སྨན་པ་ཞིག་གི་ངོས་ནས་ནད་པ་ལ་ལྟ་རྟོག་བྱེད་དགོས་པ་ནི་སྨན་པའི་འགན་འཁྲི་དང་རང་ཉིད་ཀྱི་འཚོ་གོས་ཆེད་དུ་རེད་ཟེར་ནའང་ཆོག་ཀྱང་། དེ་རིང་གི་ནད་ཡམས་འདི་ནི་གཅིག་ནས་གཅིག་ཏུ་འགོས་སླ་ལ་བཅོས་ཐབས་ཀྱི་སྨན་མེད་ཁར་ཤིན་ཏུ་གདུག་རྩུབ་ཆེ་ལ་འཇིགས་སུ་རུང་བའི་རིམས་ནད་ཞིག་ཡིན་པས། རང་གི་ཚེ་སྲོག་ལ་གཅེས་འཛིན་ཆེ་བའི་སྨན་པ་མང་པོས་སྨན་ཁང་ནས་དགོངས་པ་ཞུ་བ་སོགས་གནས་ཚུལ་མང་པོ་དངོས་སུ་མཐོང་ཐོས་ཡོང་གིན་འདུག
རང་གི་ཚེ་སྲོག་ལ་གཅེས་པའི་མི་རྣམས་ནི་སྲོག་མགོ་ཐོན་ཆེད་ནད་ངན་དེ་ལས་གཡོལ་ཐབས་གང་ཡོད་འཚོལ་བཞིན་པའི་སྐབས་ཡིན་ཡང་། ང་སྡོད་སའི་ཁོར་ཡུག་ནང་སེམས་པ་ནང་ཆོས་ཀྱིས་བརླན་ཞིང་རང་ལས་གཞན་གཅེས་པ་འཛིན་མཁན་གྱི་མི་མང་པོས་རིམས་ནད་ལ་འཛེམས་ཟོན་མེད་པར་འཚང་ག་ཤིག་ཤིག་ངང་ནད་པ་རྣམས་ལ་སྨན་དང་ཟས་རིགས་མཁོ་སྤྲོད་སོགས་གང་དགོས་ཀྱི་ལས་ཀ་རུ་དང་བླངས་བྱེད་བཞིན་འདུག ཁོང་ཚོས་གཞན་ཕན་ཆོས་མཐུན་གྱི་བསམ་པ་དཀར་བ་རང་ལས། ཁོང་ཚོར་གླ་ཆ་ཁ་གང་སྐར་མ་གཅིག་ཀྱང་ཡོད་མི་འདུག
འདི་ནི་བསམ་བཞིན་བསམ་ན་རང་ཉིད་བློས་བཏང་གིས་གཞན་ཕན་གྱི་རླབས་ཆེའི་བྱ་བ་ཞིག་རེད་སྙམ་པས་ཡིད་སྨོན་དང་། ཕྱོགས་གཞན་ཞིག་ནི་ཁོང་རྣམས་ཀྱིས་ང་ཚོའི་དོན་དུ་བློས་གཏོང་ཆེ་པོ་དེ་འདྲ་གནང་བས་ཁོང་རྣམས་ལ་ནད་དུག་འགོས་ཡོང་བསམ་ནས་བློ་འཚབ་དང་སེམས་འགུལ་ཆེས་ཆེར་འདུག་ཀྱང་། ལྷ་བླ་མར་རེ་ལྟོས་གསོལ་འདེབས་བྱེད་རྒྱུ་ལས་གཞན་བྱ་ཐབས་བྲལ།
ད་ནི་ནད་གསོ་ཁང་དུ་ཁོང་རྣམ་པས་བཀའ་དྲིན་ལས་མིག་འབྱེད་འཛུམ་ཙམ་ལས་གཟའ་འཁོར་གཅིག་ཕྱིན་ཟིན་འདུག དེའི་རིང་སྨན་པས་ལམ་སྟོན་བཞིན་དུས་གསུམ་དུ་ཆད་མེད་ཀྱིས་ཉིན་རེར་བོད་སྨན་རིལ་བུ་བཅུ་ཙམ་དང་། ད་དུང་ཉིན་གཉིས་རེའི་མཚམས་སུ་རིན་ཆེན་རིལ་བུ་ཞོགས་པར་སྐྱ་རེངས་མ་ཤར་གོང་དུ་བཟའ་དགོས་ཀྱི་འདུག ངོ་མ་དགའ་འོས་པ་ཞིག་ལ་འཛམ་གླིང་ཡར་ཐོན་དང་ཚན་རིག་གི་ཡར་རྒྱས་ལྡན་པའི་སྤྱི་ཚོགས་སུ་ནད་ཡམས་དེ་ལ་སྨན་མེད་ཅིང་གང་ཡང་བྱ་ཐབས་བྲལ་བས་སྐབས་སུ། ང་རང་ཚོའི་བོད་ལུགས་གསོ་བ་རིག་པ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གཞུང་ཕྱུག་པོ་ཞིག་རེད་འདུག་སྙམ་པའི་དགའ་སྣང་དང་། སྨན་གྱི་ནུས་པར་བསྟེན་ནས་རང་གི་ལུས་པོའི་གནས་སྟངས་ཀྱང་ཉིན་རེ་བཞིན་ཇེ་བཟང་ཏུ་འགྲོ་བཞིན་པ་ཚོར་གྱི་འདུག
སྨན་པས་བདུན་གཅིག་ནས་ནད་རྟགས་ཐོན་མེད་པ་རྣམས་ཁྱིམ་ཏུ་ལོག་གཏང་རྒྱུ་ཡིན་སྐོར་གསུངས་སོང་བས། དེ་རིང་ནི་ང་དང་ནད་པ་ཁག་ཅིག་བདུན་གཅིག་ཚང་ནས་བརྟག་དཔྱད་བྱ་དགོས་པས་ནད་པ་ཚང་མ་ཚ་ཟིང་ཟིང་ངང་ལག་ཏུ་སྨན་དེབ་སྔོན་པོ་རེ་བཟུང་ནས་རང་ཉིད་ཀྱི་བརྟག་དཔྱད་གྲུབ་འབྲས་ཇི་ཡོང་ལ་སེམས་ཁྲལ་བྱེད་བཞིན་འདུག ང་ནི་སེམས་ཁྲལ་དང་དངངས་འཚབ་གང་ཡང་མ་བྱུང་། ད་དུང་ངས་བསམ་བློ་གཟབ་ནན་གྱིས་ནམ་རྒྱུན་ང་རང་དེ་ཙམ་ན་མཁན་ཞིག་མིན་པས། དེ་རིང་ནི་ནད་ཀྱིས་མནར་བའི་འགྲོ་བ་ཡོངས་ཀྱི་ན་གོ་ཆོད་པར་ཤོག་ཅེས་སྨོན་ལམ་ཤུགས་དྲག་བརྒྱབ་པས། ད་དུང་ཇི་ཙམ་སྨན་ཁང་དུ་ལྷག་ཀྱང་ང་ལ་བློ་འགྱོད་དང་སྐྱོ་སྣང་གང་ཡང་མི་བསྐྱེད་བའི་སྤོབས་པ་ཞིག་རྙེད་བྱུང་།
དེ་ནས་བརྟག་དཔྱད་བྱེད་འགོ་བཙུགས་སོང་། ངའི་བང་རིམ་སྔོན་དུ་ནད་པ་ཚང་མ་ནད་རྟགས་མེད་པ་ཐོན་སོང་།ཁོ་ཚོས་དགའ་སྣང་ཆེན་པོའི་ངང་ཉལ་ཁང་དུ་སླེབས་མ་ཐག་བསྡུ་གསོག་བརྒྱབ་ཏེ་ལོག་རྩིས་བྱེད་བཞིན་འདུག དེ་ནས་ངའི་བང་རིམ་དུ་སླེབས་སོང་། སྨན་པས་ངའི་སྣའི་ནང་སྲིན་བལ་འདྲ་བ་རིང་པོ་ཞིག་བརྒྱུས་སོང་། དེ་ཚར་ནས་སྐར་མ་ལྔ་ཙམ་སྒུག་རྗེས་ང་དང་རོགས་པ་མི་བཞི་ལ་ནད་རྟགས་མི་འདུག ད་ཁྱེད་རྣམས་ལོག་ན་འགྲིག་གི་རེད། ཡིན་ཡང་ད་དུང་ཁྱིམ་སྡོད་ཟུར་བཀག་ཉིན་བཅུ་བཞིར་བྱ་དགོས། སྤྱིར་ནད་འབུ་དེ་མིའི་ལུས་ལ་ཉིན་བདུན་བརྒྱད་ལས་གནས་མི་ཐུབ། གལ་ཏེ་དུས་ཡུན་ཇི་ཙམ་རིང་ཡང་ཉིན་ཉི་ཤུ་རྩ་གཅིག་ལས་མང་བ་གནས་མི་ཐུབ་པ་ཡིན། ཁྱེད་རྣམས་པར་ད་ལྟ་ནད་འབུ་མེད་པར་བརྟག་དཔྱད་ལས་ཐོན་ཟིན་ཡང་། རང་གཞན་གཉིས་ཀར་བརྟན་ཆ་ཆེད་ད་དུང་ཟུར་བཞུགས་ཡག་པོ་གནང་དགོས་ཞེས་ལམ་སྟོན་གནང་སོང་།
དེ་ནས་ཁྱིམ་དུ་ལོག་ནས་ཟུར་སྡོད་ཉིན་བཅུ་བཞིའི་རིང་རང་དགོས་སློབ་སྦྱོང་གི་དུས་ཚོད་ཡོངས་སུ་བློས་བཏང་ཏེ་ལུས་སེམས་གཉིས་ཀར་ངལ་གསོ་བྱས་ཏེ་ཟ་ཉལ་འགྲངས་གསུམ་གྱི་ངང་ནས་ལོ་ངན་འདིར་ནད་ངན་གྱིས་ཟིན་པའི་ལེའུ་དེ་གཞི་ནས་མཇུག་སྒྲིལ་སོང་བ་ཡིན་ནོ།།
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༥ཉིན་སྨྱུག་མིང་པ་གངས་རིན་ཆེན་གྱིས་མཇུག་རྫོགས་པར་བྲིས་སོ།།