ཐའེ་ཝན་གཞས་མ་གཉིས་ལ་རྒྱ་ནག་གི་བེད་སྤྱོད་འོག་ཚུད་མི་རུང་བའི་ཉེན་བརྡ་བཏང་འདུག 

ཟླ་༡༠ པའི་ཚེས་༡ ཉིན་རྒྱ་ནག་གི་རྒྱལ་ཡོངས་ཉིན་མོར། རྒྱ་ནག་ཏུ་གནས་སྡོད་བྱེད་མཁན་ཐའེ་ཝན་གྱི་གཞས་མ་གཉིས་ནས་བརྙན་འཕྲིན་བརྒྱུད་གཞས་སྣ་ཁྲབ་སྟོན་གྱི་ལེ་ཚན་ནང་མཉམ་ཞུགས་བྱེད་འཆར་ཡོད་འདུག་པས། ཐའེ་ཝན་གཞུང་གིས་དེ་ལྟར་བྱས་ཚེ་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུ་ཡིན་པ་དང་། རྒྱ་ནག་གི་བེད་སྤྱོད་འོག་ཚུད་མི་རུང་བའི་ཉེན་བརྡ་བཏང་འདུག 

དེ་ཡང་རྒྱ་ནག་ཏུ་གནས་སྡོད་ཐའེ་ཝན་གྱི་གཞས་མ་རང་ལོ་༢༠ ཅན་Ouyang Nana)དང་རང་ལོ་༣༨ ཅན་Angela Chang)གཉིས་ཀྱིས། རྒྱ་ནག་རྒྱལ་ཡོངས་ཉིན་མོར་རྒྱ་ནག་གི་གཞས་པ་གཞས་མ་གཞན་དང་མཉམ་དུ། རྒྱ་ནག་གི་རྒྱལ་ཞེན་གྱི་གཞས་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཕྱིར་ཐོན་རྗེས། ཐའེ་ཝན་གྱི་རིག་གཞུང་བློན་ཆེན་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ནས། གཞས་མ་དེ་གཉིས་ཀྱིས་ཐའེ་ཝན་གྱི་ཁྲིམས་དང་འགལ་གྱི་ཡོད་པས། དཔལ་འབྱོར་གྱི་ཉེས་ཆད་ཐའེ་ཝན་སྒོར་མོ་འབུམ་༡ ནས་༥ བར་གཏོང་སྲིད་པའི་ཉེན་བརྡ་བཏང་འདུག 

དེ་ཡང་ཐའེ་ཝན་གྱི་ཁྲིམས་ནང་དུ་ཐའེ་ཝན་དང་ཁ་གཏད་ཀྱིས་རྒྱ་ནག་གི་ཆབ་སྲིད་ལས་དོན་དང་ཆབ་སྲིད་ཀྱི་རང་བཞིན་ཡིན་པའི་ལས་རིམ་སོགས་ལ། ཐའེ་ཝན་གྱི་མི་སེར་དང་ཚོགས་སྒེར་སུ་ཡིན་ཡང་འབྲེལ་ཡོད་དབང་ཡོད་ལས་ཁང་ནས་ཆོག་མཆན་མ་ཐོབ་པར་མཉམ་ཞུགས་བྱེད་ཆོག་གི་མེད་འདུག 

ཐའེ་ཝན་གྱིས་རྒྱ་ནག་གིས་ཐའེ་ཝན་མི་སེར་དུས་དྲན་དེའི་ནང་མཉམ་ཞུགས་བྱེད་དུ་འཇུག་དགོས་དོན་ནི། རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཁྱབ་བསྒྲགས་བྱེད་ཆེད་ཡིན་པ་དང་། ཐའེ་ཝན་མི་མང་གིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཐབས་བྱུས་ལ་རྒྱབ་སྐྱོར་རམ་རོགས་རམ་བྱེད་མི་རུང་བའི་འབོད་སྐུལ་བྱས་འདུག 

གཞས་མ་དེ་གཉིས་རྒྱ་ནག་ནང་དུ་གཞས་གཏོང་གི་ཡོད་པ་དང་མཉམ་དུ་གློག་བརྙན་ཡང་འཁྲབ་ཀྱི་ཡོད་འདུག་པས། སྐད་གྲགས་ཆེན་པོ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།