ཐའེ་ཝན་གཞུང་གིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འཚམས་འདྲི་ཞུས་འདུག
ཟླ་༥ པའི་ཚེས་༡༧ ཉིན་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇཱོ་སེཧྥ་ཝུ་(Jaushieh Joseph Wu)ཡིས། བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲིའི་ཡི་གེ་ཞིག་བསྐུར་ཡོད་པ་རེད་འདུག
ཡི་གེའི་ནང་ཐོག་མར་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་ཞུས་རྗེས། འོས་བསྡུའི་གྲུབ་འབྲས་དེ་ཡིས་འཛམ་གླིང་ཡོངས་ལ་བོད་མིའི་མང་གཙོ་དང་རང་དབང་ལྡན་པའི་བོད་ཞིག་འཛུགས་སྐྲུན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་བསྐྱར་དུ་གསལ་སྟོན་བྱས་ཡོད་པ་དང་། རང་ཐག་རང་གཅོད་ཀྱི་འཐབ་རྩོད་ཆེད་དུ་བོད་མིའི་བྱམས་སེམས་དང་སེམས་ཤུགས་ལ་བསྔགས་བརྗོད་ཡོད་པ། ད་ལྟའི་དུས་སྐབས་འདིར་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་གིས་མང་གཙོ་དེ་འཛམ་གླིང་སྤྱི་ཡོངས་ཀྱི་དགོས་མཁོ་ཡིན་པ་གསལ་སྟོན་ཤུགས་སྣོན་བྱས་ཡོད་ཅེས་བརྗོད་འདུག དེ་བཞིན་ཐའེ་ཝན་གྱིས་བོད་དང་ཐའེ་ཝན་གཉིས་ཡིད་བརྟན་འཕེར་བའི་མཐུན་གྲོགས་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ཕྱོགས་གཉིས་བར་ཐུན་མོང་ཡིན་པའི་རིན་ཐང་གི་ལྟ་བ་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་བྱེད་ཆེད་དུ་མཉམ་ལས་བྱེད་ཐུབ་རྒྱུ་ཡོད་ཅེས་བརྗོད་འདུག
ཁོང་གིས་མུ་མཐུད་ནས་གསུང་དོན་ལ། བོད་དང་ཐའེ་ཝན་བར་གྱི་མཛའ་འབྲེལ་དང་མཐུན་གྲོགས་དེ་ནི་ཕྱོགས་གཉིས་བར་གུས་བརྩི་དང་འདྲ་མཉམ་ཐུན་མོང་ཡོད་པའི་རྨང་གཞིར་བརྟེན་ཡོད་པ་དང་། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གྱི་འགོ་ཁྲིད་འོག ཁོང་དང་བོད་མིའི་སྒྲིག་འཛུགས་མཉམ་དུ་བོད་དང་ཐའེ་ཝན་གྱི་མཛའ་འབྲེལ་གོང་འཕེལ་གཏོང་ཆེད་དུ་ལས་དོན་སྤེལ་རྒྱུའི་འདུན་པ་དང་རེ་བ་བཅང་གི་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།