ཐའེ་ཝན་གཞུང་གིས་འབར་མར་ཚོང་ལས་གཉེར་བཞིན་པའི་ཐའེ་ཝན་གྱི་བཟོ་ཚོང་ཁང་རྣམས་ལ་རྒྱལ་དར་འཕྱར་དགོས་པའི་སྐུལ་མ་བྱས་འདུག
རེས་གཟའ་ཉི་མའི་ཉིན་འབར་མའི་ནང་དུ་རྒྱ་ནག་གི་བཟོ་གྲྭ་དང་ཚོང་ཁང་རྣམས་ལ་གཏོར་སྐྱོན་མེ་སྲེག་དང་། ལས་མི་རྣམས་ལ་རྒྱག་རྡུང་གསོད་རྨས་ཚབས་ཆེན་བྱུང་རྗེས། ཐའེ་ཝན་གཞུང་ནས་འབར་མར་ཚོང་ལས་གཉེར་བཞིན་པའི་ཐའེ་ཝན་གྱི་བཟོ་ཚོང་ཁང་རྣམས་ལ་སོ་སོའི་སྒོའི་ཕྱི་རུ་རྒྱལ་དར་དང་། མཚོན་རྟགས་བཞག་ནས་རྒྱ་ནག་གི་བཟོ་ཚོང་ཁང་དག་དང་ནོར་ཉེན་མེད་པ་བཟོ་དགོས་པའི་སྐུལ་མ་བཏང་འདུག
ཕྱི་ཟླ་ ༣ ཚེས་ ༡༥ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཉི་མའི་ཉིན་འབར་མར་ཡོད་པའི་རྒྱ་ནག་གི་གྱོན་ཆས་བཟོ་ཚོང་ཁང་མང་པོ་ཞིག་ལ་སུ་ཡིན་ཤེས་མི་ཤེས་པའི་མིས་མེ་སྲེག་གཏོར་སྐྱོན་བཏང་བ་མ་ཟད། ལས་མི་རྣམས་ལའང་རྨས་སྐྱོན་ཚབས་ཆེན་བྱས་ཡོད་འདུག
འབར་མའི་དམག་གཞུང་གིས་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་དང་། ཆབ་སྲིད་པ་རྣམས་འཛིན་བཟུང་དང་བཙོན་འཇུག་བྱས་ཏེ་སྲིད་གཞུང་བཟུང་བའི་རྗེས། འབར་མའི་མི་མང་ཚོས་དམག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གཏེ་བོ་དེ་རྒྱ་ནག་རེད་ཟེར་ནས་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད་པ་མ་ཟད། འབར་མར་ཚོང་ལས་སྒྲུབ་བཞིན་པའི་རྒྱ་ནག་གི་བཟོ་ཚོང་ཁང་རྣམས་ལའང་མེ་སྲེག་དང་གཏོར་སྐྱོན་བྱེད་འགོ་རྩོམ་བཞིན་ཡོད་འདུག
ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་དེ་རིང་རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གྱི་བཟོ་ཚོང་ཁང་གཅིག་ཁོ་ན་དྲག་པོའི་གཏོར་སྐྱོན་དེའི་འོག་ཏུ་ཚུད་ཡོད་ཚུལ་བརྗོད་རྗེས། འབར་མར་ཡོད་པའི་ཐའེ་ཝན་དོན་གཅོད་ཁང་ནས་“ཐའེ་ཝན་གྱི་ཚོང་དཔོན་རྣམས་ལ་སོ་སོའི་བཟོ་གྲྭའི་ཕྱི་ལ་འབར་མའི་སྐད་ཡིག་གིས་བྲིས་པའི་’ཐའེ་ཝན་གྱི་བཟོ་ཚོང་ཁང་’ཞེས་པའི་རྟགས་དང་ཐའེ་ཝན་གྱི་རྒྱལ་དར་འགེལ་བ་དང་། ས་གནས་མི་མང་དང་ཁྱིམ་མཚེས་ཚོར་ཁོ་ཚོ་ཐེའ་ཝན་གྱི་བཟོ་གྲྭ་ཡིན་པའི་འགྲེལ་བཤད་བྱས་ཏེ་གཞན་གྱིས་ཁོ་ཚོ་རྒྱ་ནག་དང་མ་ནོར་བ་བཟོ་དགོས་པའི་”སྐུལ་མ་བྱས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།