ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཨ་རིས་རྒྱ་ནག་ལ་ཉེན་བརྡ་བཏང་འདུག 

རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིབས་སུ་གནམ་གྲུ་གཏོང་བ་དང་། མཚོ་འགག་ཏུ་དམག་གྲུ་སྒྲིག་པ་སོགས་ཀྱིས་ཐའེ་ཝན་ལ་དྲག་རྒོལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི-བྷི་ལིན་ཁི་(Antony Blinken) ཡིས་ཐའེ་ཝན་ལ་རྒོལ་བ་དེ་“ནོར་འཁྲུལ་ཚབས་ཆེན་”ཞིག་ཡིན་པའི་ཉེན་བརྡ་བཏང་འདུག 

ཕྱི་ཟླ་༤ ཨ་རིའི་ཚེས་༡༡ རེས་གཟའ་ཉི་མའི་ཉིན་ཨ་རིའི་ཨན་བྷི་སི་(NBC) ནས་བྱས་པའི་བཅར་འདྲི་ཞིག་གི་ནང་། ཕྱི་སྲིད་དྲུང་ཆེ་ཁོང་གིས་“ང་ཚོས་གང་མཐོང་བ་དང་། ང་ཚོས་སེམས་འཚབ་བྱེད་ས་དེ་ནི། པེ་ཅིང་སྲིད་གཞུང་གིས་ཐའེ་ཝན་ཐོག་ཏུ་དྲག་ཤུགས་ངོམ་པ་ཆེ་རུ་བཏང་ནས་ཐའེ་ཝན་གྱི་མཚོ་འགག་ཏུ་སེམས་འཚབ་སློང་བཞིན་པ་དེ་རེད་”ཅེས་གསུངས་པའི་ཁར། ཨ་རིའི་ངོས་ནས་ཐའེ་ཝན་རང་སྲུང་བྱེད་པའི་ནུས་སྟོབས་མཁོ་སྤྲོད་བྱེད་པ་དང་། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ཀྱི་བདེ་འཇགས་དང་ཞི་བདེ་རྒྱུན་གནས་བྱེད་པའི་འོས་འགན་ཡོད་སྐོར་བསྣན་འདུག 

གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱས་པ་ཡིན་ན། ཨ་རིས་དམག་གིས་རྒོལ་ལན་སྤྲོད་འཆར་ཡོད་མེད་ཐད་ལ། སྐུ་ཞབས་བྷི་ལིན་ཁིས་“གནས་ཚུལ་དེར་ཚོད་དཔག་”བྱེད་རྒྱུ་མིན་ཞེས་བརྗོད་ན་ཡང་། ཁོང་གིས་“སུས་དམག་ཤུགས་ལ་བརྟེན་ནས་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་གཏོང་བའི་འབད་བརྩོན་བྱས་ན། དེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་རེད་”ཅེས་ཉེན་བརྡ་བཏང་འདུག 

ད་ལོའི་ལོ་འགོར་ཨ་རིའི་སྲིད་གཞུང་གསར་རྙིང་བརྗེ་བའི་སྐབས། ཐའེ་ཝན་དང་རྒྱལ་སྤྱིའི་འབྲེལ་ལམ་ཉམས་ཞིབ་པ་ཚོས་གལ་སྲིད་རྒྱ་ནག་གིས་ཐའེ་ལན་ལ་དྲག་པོའི་བཙན་འཛུལ་བྱས་ན། བྷ་ཌན་སྲིད་གཞུང་ཐའེ་ཝན་གྱི་རྒྱབ་ཏུ་ལང་སྲིད་མིན་དོགས་པ་དང་སེམས་ཁྲལ་བྱས་ཡོད་རུང་། ད་ལྟ་བྷ་ཌན་སྲིད་གཞུང་གིས་ཐའེ་ཝན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་སྟོན་བཞིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།