ཐའེ་ཝན་གྱི་གཞུང་ཚབ་འཛུགས་བཞིན་པར་རྒྱ་ནག་གིས་ངོ་རྒོལ་ཤུགས་ཆེ་རུ་བཏང་འདུག 

ཡུ་རོབ་གླིང་ཆེན་གྱི་རྒྱལ་ཁབ་ལི་ཐི་ནི་ཡས(Lithuania) སོ་སོའི་རྒྱལ་ཁབ་ནང་དུ་ཐའེ་ཝན་རང་གི་མིང་ཐོག་ནས་གཞུང་ཚབ་ཁང་ཞིག་གསར་འཛུགས་བྱེད་དུ་བཅུག་པར་བརྟེན། རྒྱ་ནག་གིས་རྒྱལ་ཁབ་དེའི་ནང་དུ་ཡོད་པའི་གཞུང་ཚབ་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་བརྗོད་པ་མ་ཟད། ལི་ཐི་ནི་ཡའི་གཞུང་ཚབ་ཀྱང་པེ་ཅིང་ནས་ཕྱིར་འཐེན་དགོས་ཚུལ་བཤད་འདུག

ཟླ་སྔོན་མར་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇོ་སི་ཧྤི་ཝུ་(Joseph Wu) ཡིས་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐི་ནི་ཡའི་རྒྱལ་ས་ཝིལ་ནཱ་སི་(Vilnius) རུ་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་སྐོར་དང་། ལས་ཁུངས་གསར་པ་དེའི་མིང་ལ་“ཐའེ་ཝན་”གཞུང་ཚབ་ཁང་ཞེས་འདོགས་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཅིང་། དེ་ནི་ཡུ་རོབ་གླིང་ཆེན་དུ་ཐའེ་ཝན་རང་གི་མིང་ཐོག་ནས་གཞུང་ཚབ་ཁང་ཞིག་གསར་འཛུགས་བྱས་པ་ཆེས་ཐོག་མ་དེ་ཆགས་ཡོད་འདུག 

དེ་བཞིན་བདུན་ཕྲག་གོང་མའི་ནང་དུ་ལི་ཐི་ནི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་མོན་ཋ་སི-ཨ་ཌོ་མེ་ན་སཱ་(Mantas Adomenas) ཡིས་ཐའེ་ཝན་གྱི་རྒྱལ་ས་རུ་ལི་ཐི་ནི་ཡའི་གཞུང་ཚབ་ཁང་ཞིག་འཛུགས་རྒྱུ་ཡིན་པ་མ་ཟད། གཞུང་ཚབ་ཁང་དེའི་དབུ་འབྱེད་མཛད་སྒོ་ལ་བློན་ཆེན་གཞོན་པ་ཞིག་ཆེད་དུ་མངགས་གཏོང་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག 

དེ་སྔོན་ཐའེ་ཝན་རང་གི་མིང་ཐོག་ནས་གཞུང་ཚབ་གསར་འཛུགས་བྱེད་རྒྱུ་ཡིན་སྐོར་བསྒྲགས་མ་ཐག པེ་ཅིང་སྲིད་གཞུང་གིས“ཕྱིའི་རྒྱལ་ཁབ་གཞན་སུས་ཐའེ་ཝན་དང་གཞུང་འབྲེལ་གྱི་འབྲེལ་བ་གང་འདྲ་ཞིག་བཙུགས་ཀྱང་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་”ཅེས་ངོ་རྒོལ་བྱས་ཡོད་པ་ལྟར། ཁ་སང་རེས་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་བསྐྱར་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ངོ་རྒོལ་དང་། ལི་ཐི་ནི་ཡ་ལ་གནོན་ཤུགས་འཕར་མ་སྤྲད་ཡོད་འདུག 

ཁ་སང་རེས་གཟའ་མིག་དམར་ཉིན་བཏང་བའི་བསྒྲགས་གཏམ་དེའི་ནང་། རྒྱ་ནག་གིས་“ང་ཚོས་ལི་ཐི་ནི་ཡའི་ཕྱོགས་ནས་སོ་སོའི་ནོར་འཁྲུལ་ཅན་གྱི་ཐག་གཅོད་དེ་འཕྲལ་དུ་ཡོ་བསྲང་བྱས་ཏེ་གཏོར་སྐྱོན་བསྐྱར་གསོ་དང་། མུ་མཐུད་ལམ་ནོར་ལ་མི་འགྲོ་བའི་དགོས་འདུན་འདོན་གྱི་ཡོད་”ཅེས་བརྗོད་འདུག 

ད་ལྟའི་ཆར་ཐའེ་ཝན་དང་དངོས་སུ་གཞུང་འབྲེལ་ཡོད་པའི་རྒྱལ་ཁབ་༡༥ ལས་མེད་རུང་། ཐའེ་ཝན་དུ་རྒྱལ་ཁབ་མང་པོའི་སྐུ་ཚབ་དོན་གཅོད་ཡོད་པ་དང་། དམར་ཤོག་རྒྱ་ནག་དང་མང་གཙོའི་འཛམ་གླིང་གཉིས་ཀྱི་བར་དུ་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཞིན་པར་བརྟེན། ཐའེ་ཝན་གལ་གནད་དུ་མཐོང་ནས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཇེ་མང་དུ་འགྱུར་བཞིན་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།