བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༡༢ ཕྱི་ལོ་ ༢༠༢༠/༠༧/༢༢
ཧོང་ཀོང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་། རྒྱ་གཞུང་གིས་དམ་དྲག་བྱེད་ཆེད་བདེ་སྲུང་ཁྲིམས་ལུགས་ཟེར་བ་གཏན་འབེབས་ལག་བསྟར་བྱས་པར་བརྟེན། ཐའེ་ཝན་མི་མང་གི་ངོས་ནས་མ་འོངས་པར་ཐའེ་ཝན་རྒྱ་ནག་དང་མཉམ་འབྲེལ་བྱས་ན་གནས་སྟངས་ག་འདྲ་ཞིག་ཡོང་རྒྱུ་ཡིན་མིན་ཚོད་དཔག་བྱེད་ཐུབ་ཡོད། འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་ཧོང་ཀོང་ནང་རང་དབང་མང་གཙོའི་ཁོར་ཡུག་ཧ་ཅང་དོག་ཏུ་སོང་ཡོད་པ་དང་། མི་མང་གིས་དེ་ལ་མི་འདོད་པའི་ངོ་རྒོལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད། ཐའེ་ཝན་མི་མང་གི་ངོས་ནས་ཀྱང་གནད་དོན་དེ་ལ་བརྟེན་ནས་མ་འོངས་པར་རྒྱ་ནག་དང་མཉམ་འབྲེལ་གྱི་སྲིད་བྱུས་འཛིན་མཁན་ལ་རྒྱབ་སྐྱོར་མ་བྱས་པར། ཐའེ་ཝན་རང་བཙན་གྱི་ལངས་ཕྱོགས་གཙོར་འཛིན་བྱེད་མཁན་མང་གཙོ་ཡར་ཐོན་ཚོགས་པར་རྒྱབ་སྐྱོར་བྱས་ནས། དུས་ཡུན་སྐབས་གཉིས་རིང་བསྟུད་མར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དང་། གནད་དོན་དེའི་ཐོག་ནས་ཐའེ་ཝན་མི་མང་ས་ཡ་ཉེར་བཞི་མ་ཟིན་ཙམ་གྱི་རེ་འདུན་དང་དམིགས་ཡུལ་ཡང་གསལ་སྟོན་བྱས་ཡོད།
ཐའེ་ཝན་དུ་ཡོད་པའི་ཧོང་ཀོང་གི་དཔལ་འབྱོར་དང་ཚོང་འབྲེལ། རིག་གཞུང་ལས་ཁུངས་ཀྱི་ལས་བྱེད་གཉིས་ལ། ཐའེ་ཝན་གཞུང་གིས་གནས་སྡོད་བྱེད་པའི་ཆོག་མཆན་མ་སྤྲད་པར། རང་གནས་སུ་ཕྱིར་ལོག་བྱེད་དགོས་བྱུང་ཞིང་། ཧོང་ཀོང་དུ་ཡོད་པའི་ཐའེ་ཝན་གཞུང་ཚབ་ལས་བྱེད་རྣམས་ལ། ཐའེ་ཝན་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པའི་ཡིག་ཆར་མིང་རྟགས་མ་བཀོད་ཚེ། ཐོངས་མཆན་དུས་འགྱངས་བྱེད་རྒྱུ་མིན་སྐོར་བརྗོད་པས། ཐའེ་ཝན་གཞུང་ཚབ་ཁང་གི་འགན་འཛིན་ཐའེ་ཝན་དུ་ཕྱིར་ལོག་བྱས་ཡོད་ཚུལ་འདུག ད་དུང་རྒྱ་དམར་གཞུང་གིས་ཧོང་ཀོང་དུ་བཙན་དབང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཟེར་བ་ལག་བསྟར་བྱས་རྗེས། ཐའེ་ཝན་གཞུང་གིས་ཧོང་ཀོང་གི་མང་གཙོ་ལས་འགུལ་བ་རྣམས་ལ། ཐའེ་ཝན་དུ་སྐྱབས་བཅོལ་ཞུ་རྒྱུའི་ལམ་ཁ་བཟོས་ཡོད་པ་དང་། ཐའེ་ཝན་མི་སེར་རྣམས་ཧོང་ཀོང་དུ་བསྐྱོད་ཚེ་ཁྲིམས་གསར་པ་དེ་ལ་བརྟེན་ནས་འཛིན་བཟུང་ཡོང་སྲིད་པའི་ཉེན་བརྡ་ཡང་བཏང་འདུག དེ་དག་ནི་ཐའེ་ཝན་གཞུང་གིས་རྒྱ་ནག་ལ་ཁ་གཏོད་གཅོག་པའི་ཟུར་གཅིག་རེད།
ལོ་འདིར་ཐའེ་ཝན་ལ་མཚོན་ན་རྒྱལ་སྤྱིའི་སྟེང་ནས་གོ་སྐབས་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཡིན་པ་དང་། རྒྱ་དམར་གཞུང་གི་བྱེད་སྟངས་དང་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོ་ཞིག་ནས་རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲོད་བཞིན་ཡོད། ལྷག་པར་དུ་ཐའེ་ཝན་ནི་བོད་དང་། ཤར་ཏུར་ཀི་སི་ཐན་ལྟ་བུ་དང་མི་འདྲ་བར་རྒྱ་དམར་གཞུང་གིས་ཁ་ནས་ཧམ་ཤེད་ཁོ་ན་བཤད་བཞིན་པ་ལས། དོན་དུ་རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་ཡིན། རྒྱལ་སྤྱིའི་སྟེང་ནས་རྒྱལ་ཁབ་མང་པོ་ཞིག་གིས་ཚོང་འབྲེལ་གྱི་ཁེ་ཕན་ལ་དམིགས་ནས་རྒྱ་དམར་གཞུང་ལ་བསྟུན་མཁས་ཀྱིས་རྒྱ་གཞུང་གི་འདོད་པ་བཞིན་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་མོད། ལོ་འདིར་རྒྱལ་ཁབ་མང་པོ་ཞིག་གིས་གནད་དོན་དེའི་ཐོག་ལ་གླེང་སློང་བྱེད་ངེས་པ་དང་། སྔ་ཕྱི་ཙམ་མ་གཏོགས་ཐའེ་ཝན་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་རྒྱུའི་གོ་སྐབས་ཀྱང་ཆེན་པོ་ཡོད། འོན་ཀྱང་བཀག་རྡོ་གཅིག་ཡོད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་རྒྱ་དམར་གཞུང་ཡོད་པ་དེ་ཡིན།
ཐའེ་ཝན་མི་མང་གིས་རང་དབང་རང་བཙན་གྱི་ངོ་བོར་མུ་མཐུད་གནས་མ་ཐུབ་ན། མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་ཉེན་ཁ་ཅི་ཙམ་ཡོད་པ་གསལ་པོ་རྟོགས་ཐུབ་ཡོད་ལ། ཐའེ་ཝན་གྱི་མི་འབོར་ས་ཡ་ཉེར་བཞི་ལ་ཉེ་བ་ཙམ་གྱིས་རྒྱ་ནག་མི་འབོར་ས་ཡ་ཆིག་སྟོང་བཞི་བརྒྱ་ཙམ་ལ་མང་གཙོའི་ཤུགས་རྐྱེན་ཐེབས་ཐུབ་པའི་རེ་བ་དང་གོ་སྐབས་ཧ་ཅང་ཕྲ་བས། ཐའེ་ཝན་རང་དབང་རང་བཙན་གྱི་ངོ་བོར་གནས་རྒྱུ་ཁོ་ན་ལས་ལམ་ཁ་གཞན་མེད་པ་དེ་ཐའེ་ཝན་མི་མང་དང་། ཐའེ་ཝན་སྲིད་གཞུང་གི་ངོས་ནས་གསལ་པོ་རྟོགས་ཐུབ་པ་དེ་ནི་ཐའེ་ཝན་གྱི་མ་འོངས་པའི་མདུན་ལམ་འོད་སྟོང་ལྡན་པ་ཉག་གཅིག་ཏུ་གྱུར་ཡོད། རྒྱ་དམར་གཞུང་གི་སྲིད་བྱུས་དང་། ལག་བསྟར་བྱེད་པའི་ཐབས་ལམ་ནི་ཀོ་བ་རློན་པའི་ཞྭ་མོ་དང་གཅིག་མཚུངས་ཡིན་ལ། དང་པོ་ལྷོད་ཙམ་ཡོད་ཀྱང་རིམ་པས་དམ་ནས་དམ་དུ་འགྲོ་ངེས་ཡིན་པ་ཧོང་གི་གནས་སྟངས་ཐོག་ནས་གསལ་པོར་གྱུར་ཡོད་པར་བརྟེན། ཧོང་ཀོང་ནི་ཐའེ་ཝན་གྱི་མ་འོངས་པའི་དཔེ་མཚོན་ཡག་ཤོས་ཤིག་ཏུ་གྱུར་ཡོད།
མདོར་ན་བོད་ཀྱི་གནས་སྟངས་ནི་ཐའེ་ཝན་དང་བསྡུར་ཐབས་མེད་པར། ཐའེ་ཝན་ལ་མཚོན་ན་རང་བཙན་སྲུང་རྒྱུ་ཙམ་ལས་རྩོད་མི་དགོས་པ་དང་། དཔལ་འབྱོར་དང་ཚན་རྩལ། ཤེས་ཚད་དང་བསམ་བློ། མང་གཙོའི་གོམས་གཤིས་སོགས་གང་ཐད་ནས་འཛམ་གླིང་གི་མདུན་གྲས་སུ་ཡོད་ཅིང་། བོད་ནི་དེ་དང་མི་འདྲ་བར་རྒྱ་དམར་གཞུང་གི་བཙན་གནོན་འོག་ཡོད་པ་མ་ཟད། ཉིན་རེ་ནས་ཉིན་རེ་བཞིན་བོད་ཀྱི་ཆོས་དང་རིག་གནས་ཚང་མ་རྒྱ་ནག་ཅན་དུ་བསྒྱུར་ནས་རྒྱ་གཞུང་གི་ཆབ་སྲིད་ལག་ཆ་རུ་བེད་སྤྱོད་གཏོང་བཞིན་ཡོད། བོད་མི་རྣམས་ལ་རང་དབང་གི་ཁོར་ཡུག་ཅིག་མེད་ཅིང་། བཙན་བྱོལ་བོད་མི་འབུམ་གཅིག་ལྷག་ཡོད་ཀྱང་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་ཁ་འཐོར་ནས་གནས་ཡོད་པས། གྲུང་ཤ་དོད་པོ་དང་གོ་སྐབས་དམ་འཛིན་བྱེད་མ་ཐུབ་ན་རྒྱ་གཞུང་ལ་ཁ་གཏད་གཅོད་ཐུབ་པའི་ཐབས་ཤེས་དང་གོ་སྐབས་གང་ཐད་ནས་ཐའེ་ཝན་དང་བསྡུར་ཐབས་མེད། འོན་ཀྱང་དཀའ་ངལ་ལ་གདོང་གཏད་ནས་མུ་མཐུད་མདུན་བསྐྱོད་བྱེད་ཐུབ་ན་ཇེའུ་མི་རིགས་བཞིན་ནམ་ཞིག་རྒྱལ་ཁ་འཐོབ་ངེས་རེད།།