ཐའེ་ཝན་གྱི་དམག་མི་དང་དམག་ཟུར་ཁྲོད་རྒྱ་ནག་དང་འབྲེལ་བ་ཡོད་མཁན་ཚོར་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་འདུག

ཐའེ་ཝན་གྱི་དམག་མི་དང་དམག་ཟུར་ཁྲོད་རྒྱ་ནག་གཞུང་གིས་སོ་མྱུལ་བ་མང་པོ་གཏོང་གི་ཡོད་འདུག་ལ། འགའ་ཤས་རྒྱ་ནག་ལ་སྐད་བཏང་ནས་ཐའེ་ཝན་ནང་རྒྱ་ནག་གི་ལངས་ཕྱོགས་དང་འབྲེལ་བའི་ལས་འགུལ་རིགས་སྤེལ་འཇུག་གི་ཡོད་འདུག་པས། ད་ཆར་ཐའེ་ཝན་གཞུང་གིས་ཁྲིམས་ལུགས་ལ་འགྱུར་བ་བཏང་ནས་དམག་མི་དང་དམག་ཟུར་ཁྲོད་རྒྱ་ནག་དང་འབྲེལ་བ་ཡོད་མཁན་ཚོར་ཉེས་ཆད་ཆེན་པོ་གཅོད་རྒྱུ་ཡིན་པར་བརྗོད་འདུག
ཕྱི་ཚེས་༡༢ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་ནང་རྒྱ་ནག་གཞུང་གི་ཤུགས་རྐྱེན་འོག་ཐའེ་ཝན་གྱི་དམག་ཟུར་དང་དམག་མི་ན་གཞོན་གྱི་ཁྲོད་དུ་རྒྱ་ནག་གི་སོ་མྱུལ་བྱེད་མཁན་དང་། ཐའེ་ཝན་གྱི་དམག་དང་གོ་མཚོན་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་པར་བརྟེན། ད་ཆར་ཐའེ་ཝན་གཞུང་གིས་ཁྲིམས་གསར་པ་ཞིག་བཟོ་ཐབས་བྱེད་བཞིན་ཡོད་འདུག་པ་དང་། ཁྲིམས་དེའི་འོག་ནས་ཐའེ་ཝན་གྱི་དམག་ཟུར་དང་དམག་མི་སུར་རྒྱ་ནག་ནས་བཟོས་པའི་ལག་འཁྱེར་ཡོད་པ་དང་། ཐའེ་ཝན་བདེ་འཇགས་ཀྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཡོད་ཚེ། ཉེས་ཆད་ཆེན་པོ་གཅོད་རྒྱུ་ཡིན་པར་བརྗོད་འདུག་པ་དང་།
དེ་བཞིན་གཟའ་མིག་དམར་ཉིན་ཐའེ་ཝན་གྱི་བདེ་སྲུང་བློན་ཆེན་(Wellington Koo Li-hsiung)ཡིས་ད་ཆར་ཐའེ་ཝན་ནང་རྒྱ་ནག་གིས་ཕྱོགས་མང་པོ་ཞིག་ནས་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་པ་དང་། དེ་དག་འགོག་པའི་ཆེད་དུ་རྒྱ་ནག་དང་ངན་པ་ལག་འབྲེལ་བྱེད་མཁན་སུ་ཡོད་ཀྱང་ཉེས་ཆད་ཆེན་པོ་གཅོད་རྒྱུ་ཡིན་པར་བརྗོད་ཡོད་འདུག
ད་ཆར་ཁྲིམས་གསར་བཟོའི་ཁྲིམས་འཆར་དེ་དབུས་བློན་ཆེན་ལས་ཁུངས་སུ་བཏང་ཟིན་ཡོད་འདུག་ཅིང་། དབུས་བློན་ཆེན་ལས་ཁུངས་ནས་ངོས་ལེན་བྱས་རྗེས་བསྐྱར་དུ་གྲོས་ཚོགས་འཐུས་མི་ཚོས་བསྐྱར་ཞིབ་བྱས་ནས་ལག་བསྟར་བྱེད་དགོས་ཀྱི་ཡོད་འདུག ཁྲིམས་འཆར་དེའི་ནང་དུ་ཉེས་ཅན་པ་ཚོ་ལོ་མང་རིང་བཙོན་འཇུག་དང་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་སོགས་ཉེས་ཆད་མང་པོ་ཞིག་འཁོད་ཡོད་འདུག་ལ། གལ་སྲིད་ཐའེ་ཝན་གྱི་གཞུང་ནང་ད་ལྟ་ཞབས་ཞུ་སྒྲུབ་བཞིན་པའི་མི་སྣ་ཞིག་གིས་ཐའེ་ཝན་གྱི་བདེ་སྲུང་དང་འབྲེལ་བའི་གནས་ཚུལ་དང་། པར། སྒྲ་འཛིན་འཁོར་ཐག་བཅས་སྤྲོད་པ། གཞན་ཡང་བྱ་སྤྱོད་འདྲ་མིན་སྤེལ་མཁན་བྱུང་ཚེ་ལོ་གཅིག་ནས་བདུན་བར་བཙོན་འཇུག་བྱེད་རྒྱུའི་ཉེས་ཆད་འཁོད་ཡོད་འདུག
དེ་སྔོན་ཐའེ་ཝན་གྱི་དམག་མིའི་ཁྲོད་ཁྲིམས་དེ་འདྲ་ཡོད་མི་འདུག་ཀྱང་། ད་ཆར་ཐའེ་ཝན་གྱི་རྩ་ཁྲིམས་དོན་ཚན་༢༤ ནང་དམག་མིའི་ཁྲིམས་འགལ་གྱི་བྱ་སྤྱོད་དང་འབྲེལ་བའི་ཁྲིམས་ནང་རྒྱ་ནག་དང་ངན་འབྲེལ་བྱས་ན་ཉེས་ཆད་ག་རེ་གཅོད་ཀྱི་ཡོད་མེད་སྐོར་གྱི་གནད་དོན་རྣམས་འཇོག་རྒྱུ་ཡིན་འདུག དེ་སྔོན་ཐའེ་ཝན་བདེ་སྲུང་ལས་ཁུངས་ཀྱིས་ཐའེ་ཝན་གྱི་བདེ་སྲུང་གནད་དོན་དང་འབྲེལ་ནས་རྒྱ་ནག་དང་ངན་པ་ལག་འབྲེལ་བྱེད་མཁན་རྣམས་ལ་དེ་ཙམ་དོ་དམ་བྱེད་ཀྱི་ཡོད་མི་འདུག་ཀྱང་། ད་ཆར་ཐའེ་ཝན་ནང་རྒྱ་ནག་གཞུང་གིས་དངུལ་སྤྲད་ནས་ཐའེ་ཝན་གྱི་མི་མང་དང་དམག་མིའི་ཁྲོད་ཤུགས་རྐྱེན་ཤུགས་ཆེན་པོ་ཡོང་གི་ཡོད་འདུག་ཅིང་།
དེ་དག་ལ་བརྟེན་ནས་ཐའེ་ཝན་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད་པ་ཐའེ་ཝན་གྱི་བདེ་སྲུང་ལྷན་ཁང་ནས་བརྗོད་འདུག གོང་གི་ཁྲིམས་འཆར་དེ་ཁྲིམས་སུ་བཅས་ན་དེའི་འོག་ནས་ཐའེ་ཝན་གྱི་དམག་མི་ཟུར་པ་མང་པོ་ཞིག་ལ་ཉེས་ཆད་ཕོག་རྒྱུ་ཡིན་འདུག་པ་དང་། རྒྱུ་མཚན་ནི་དམག་མི་ཟུར་པ་མང་པོ་ཞིག་གིས་ཐའེ་ཝན་གྱི་བདེ་སྲུང་དང་འབྲེལ་བའི་བརྙན་དང་གནས་ཚུལ་དུ་མ་ཞིག་གསང་བའི་ཐོག་ནས་རྒྱ་ནག་ལ་སྤྲད་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་འདུག དཔེར་ན། ཐའེ་ཝན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཕྱི་ལོ་༢༠༢༣ ནང་དམག་མི་ཟུར་པ་(Hsiang Te-en)ཟེར་བ་ཞིག་གིས་རྒྱ་ནག་དང་ངན་འབྲེལ་བྱས་ནས་ཐའེ་ཝན་གྱི་བདེ་སྲུང་དང་འབྲེལ་བའི་གསང་བའི་གནས་ཚུལ་མང་པོ་ཞིག་མཁོ་སྤྲོད་བྱས་པ་དང་། ད་དུང་རྒྱ་ནག་ནས་དངུལ་ཕོན་ཆེན་པོ་བླངས་ཏེ། རང་ཉིད་ཀྱིས་དམག་ཆས་གྱོན་ནས་ཐའེ་ཝན་དེ་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུའི་ཐད་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱེད་རྒྱུ་ཡིན་ཞེས་པའི་ཡི་གེ་ལག་ཏུ་བཟུང་བའི་པར་ཡང་བརྒྱབ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་པས།
ལོ་དེའི་ཕྱི་ཟླ་༡༢ ནང་མི་ལོ་བདུན་རིང་གི་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་འདུག དེ་བཞིན་ཐའེ་ཝན་ནང་རྒྱ་ནག་གི་ངོ་སྤྲོད་ལག་འཁྱེར་སྤྲད་ཡོད་པའི་དམག་མི་ཟུར་པ་དང་དམག་མི་གཞན་མང་པོ་ཡོད་འདུག་པར་བརྟེན། དེ་དག་ཚང་མར་ཞིབ་བཤེར་དང་དམག་གི་གལ་ཆེའི་གནད་དོན་རིགས་ལ་འགན་འཁུར་བྱེད་རྒྱུ་མེད་པ་བཟོ་རྒྱུ་ཡིན་འདུག ཟླ་བ་སྔོན་མར་ཐའེ་ཝན་གྱི་མཚོ་དམག་ཁྲོད་ད་ལྟ་ཞབས་ཞུ་སྒྲུབ་བཞིན་པའི་དམག་མི་ཞིག་ལ་རྒྱ་ནག་གི་མཚོ་དམག་གི་ལག་འཁྱེར་ཡོད་པ་ཤེས་རྟོགས་བྱུང་ནས་རྩོད་རྙོག་ཆེན་པོ་བྱུང་ཡོད་ཀྱང་། ཕྱིས་སུ་ཤེས་རྟོགས་བྱུང་དོན་ལ་མི་དེའི་ཨ་མས་ཕྱི་ལོ་༢༠༡༢ ལོར་བཟོས་ཡོད་འདུག་ཅིང་། སྐབས་དེ་དུས་དམག་མི་དེ་ལོ་ན་ཆུང་ཆུང་ཡིན་པའི་རྐྱེན་གྱིས་ཤེས་རྟོགས་མེད་ཚུལ་བརྗོད་ནས། རྒྱ་ནག་གི་ལག་འཁྱེར་དེ་མེད་པ་བཟོ་རྒྱུའི་ངོས་ལེན་བྱས་ཡོད་འདུག ད་ཆར་ཐའེ་ཝན་གཞུང་གིས་མི་མང་ཚོས་རྒྱ་ནག་གི་ལག་འཁྱེར་ལེན་མི་ཆོག་པར་བརྗོད་པ་དང་། ལག་འཁྱེར་ཡོད་མཁན་ཚོ་ལ་ལྟ་རྟོག་ནན་ཏན་བྱེད་ཀྱི་ཡོད་འདུག
གསར་འགོད་པ་། བསོད་ནམས་ཕུན་ཚོགས།