ཐའེ་ཝན་གྱི་ཕྱི་སྐྱོད་ལག་ཁྱེར་ཐོག་གི་སྦྱར་ཤོག་ལ་རྒྱ་ནག་ཁྲོས་པ།
ཟླ་འདིའི་ཚེས་༦ ཉིན་ཐའེ་ཝན་གྲོས་ཚོགས་ཀྱིས་ཐའེ་ཝན་གྱི་ཕྱི་སྐྱོད་ལག་ཁྱེར་ཐོག་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ཐོག ཐའེ་ཝན་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་སྦྱར་ཤོག་སྦྱར་ན་འགྲིག་གི་ཡོད་པའི་ཆོག་མཆན་སྤྲད་པས། རྒྱ་ནག་སྐམ་ས་ཆེན་པོས་མི་འདོད་པའི་རྣམ་འགྱུར་དང་ཉེན་བརྡ་བཏང་ཡོད་འདུག
ཕྱི་ལོ་༢༠༡༥ ལོའི་ཟླ་༨ པའི་ནང་ཐའེ་ཝན་མི་མང་ནང་རང་ཉིད་ཀྱི་ཕྱི་སྐྱོད་ལག་ཁྱེར་སྟེང་ཐའེ་ཝན་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་སྦྱར་ཤོག་སྦྱར་བའི་ལམ་སྲོལ་ཆེན་པོ་དར་ཁྱབ་བྱུང་ཡོད་པས། རྒྱ་ནག་གིས་བྱེད་ལུགས་དེས་ཐའེ་ཝན་གྱི་རང་བཙན་རྣམ་པ་མངོན་པར་ངོས་འཛིན་བྱས་ནས། ཕྱི་སྐྱོད་ལག་ཁྱེར་དེའི་རིགས་འཁྱེར་མཁན་གྱི་ཐའེ་ཝན་མི་མང་རྒྱ་ནག་སྐམ་ས་ཆེན་པོར་འགྲུལ་བཞུད་བྱེད་དུ་བཅུག་མེད་པ་རེད།
ཉེ་ཆར་ཐའེ་ཝན་གྲོས་ཚོགས་ཀྱི་ཐག་གཅོད་དེར་རྒྱ་གཞུང་གི་བརྒྱུད་ལམ་ཞིག་གི་རྩོམ་སྒྲིག་པས། རྒྱ་ནག་སྐམ་ས་ཆེན་པོ་དེ་ཐའེ་ཝན་ལས་དབང་ཤུགས་ཆེ་བ་ཡོད་པས། ཕྱི་སྐྱོད་ལག་ཁྱེར་དེའི་རིགས་འཁྱེར་མཁན་རྣམས། རྒྱ་ནག་སྐམ་ས་ཆེན་པོ་མ་ཟད་ཕྱིའི་རྒྱལ་ཁབ་གཞན་དུ་ཡང་འགྲུལ་བཞུད་བྱེད་མི་ཐུབ་པ་ཆགས་སྲིད་པའི་ཉེན་བརྡ་བཏང་ཡོད་དང། དེ་བཞིན་གཞུང་འབྲེལ་བརྒྱུད་ལམ་གཞན་པས་བྱེད་སྟངས་དེ་ལ་ངོ་རྒོལ་དང། དེས་ཐའེ་ཝན་ནང་དཀའ་རྙོག་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་ཉེན་ཡོད་སྐོར་བརྗོད་ཡོད་འདུག
ཟླ་༢ པའི་ནང་ཐའེ་ཝན་མི་སེར་༡༥ རྒྱ་ནག་སྐམ་ས་ཆེན་པོར་དང། ཧོང་ཀོང་དུ་མི་སེར་༢། དེ་བཞིན་ལོ་སྔོན་མའི་ཟླ་༡༢ ནང་མི་སེར་༣ སེང་གྷ་པུར་ལ་ཕྱི་སྐྱོད་ལག་ཁྱེར་དེའི་རིགས་འཁྱེར་བའི་རྐྱེན་འགྲུལ་བཞུད་བཀག་འགོག་བྱས་པའི་གནས་ཚུལ་ཐོན་ཡོད་འདུག
རྒྱ་ནག་སྐམ་ས་ཆེན་པོར་སྤྱི་ཚོགས་དྲ་རྒྱའི་སྟེང་དུ། ཐའེ་ཝན་གྲོས་ཚོགས་ཀྱི་བྱ་སྤྱོད་དེ་ནི་ཉེ་ཆར་འདེམས་ཐོན་བྱུང་བའི་ཐའེ་ཝན་གྱི་སྲིད་འཛིན་ཚའེ་དབྱིང་ཝེན་གྱི་གཡོ་བྱུས་ཡིན་སྐོར་དང། མ་འོངས་པར་བྱེད་ཕྱོགས་དེ་ལ་བརྟེན་ནས་འགྱོད་པ་སྐྱེ་རྒྱུ་ཡིན་སྐོར་སོགས་མི་འདོད་པའི་རྣམ་འགྱུར་སྟོན་མཁན་མང་པོ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།