ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཧོན་ཌུ་རཱ་སེ་ཡིས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱེད་འཆར་འདུག 

རྒྱལ་སྤྱིའི་ནང་གཞུང་འབྲེལ་ཐོག་ནས་ཐའེ་ཝན་ངོས་འཛིན་བྱས་ཏེ་འབྲེལ་ལམ་ཉར་མཁན་རྒྱལ་ཁབ་ཉུང་དུ་འགྲོ་བཞིན་པའི་སྐབས་དེར། སླར་ཡང་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཧོན་ཌུ་རཱ་སེ་ཡིས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱེད་འཆར་ཡོད་འདུག 

ཟླ་༣ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཧོན་ཌུ་རཱ་སེའི་སྲིད་འཛིན་ལྕམ་ཤཱིའོ་མཱ་རཱ་ཁཱསེ་ཀྲེརཱོ་ཡིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། ཁོང་ནས་རྒྱལ་ཁབ་དེའི་ཕྱི་སྲིད་བློན་ཆེན་ལ་རྒྱ་ནག་དང་གཞུང་འབྲེལ་གྱི་འབྲེལ་ལམ་གསར་འཛུགས་བྱེད་ཆེད་དུ་ལས་དོན་སྤེལ་དགོས་པའི་ལམ་སྟོན་བྱས་ཡོད་སྐོར་བརྗོད་འདུག 

དེ་ཡང་རྒྱ་ནག་གིས་རྒྱལ་སྤྱིའི་ནང་ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་ཉར་མཁན་རྒྱལ་ཁབ་ཚོ་དང་འབྲེལ་ལམ་ཉར་གྱི་མེད་ཁར། རྒྱལ་ཁབ་དེ་དག་ལ་གནོན་ཤུགས་དང་སྤྲེལ་ལད་ཐོག་ནས་ཚུར་འགུག་ཐབས་བྱེད་ཀྱི་ཡོད་པས། ཧོན་ཌུ་རཱ་སེ་ཡིས་ཐའེ་ཝན་ལ་གཞུང་འབྲེལ་ཐོག་ནས་ངོས་འཛིན་གྱིས་འབྲེལ་ལམ་ཉར་གྱི་ཡོད་ཀྱང་། ཐེངས་འདིར་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱེད་འཆར་ཡོད་པ་གསལ་པོ་ཆགས་པས། ཐའེ་ཝན་དང་འབྲེལ་ལམ་བཅད་ན་མ་གཏོགས་ལམ་ཁ་གཞན་མེད་པ་རེད། 

ཉེ་བའི་ལོ་ཤས་ནང་ཡང་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་ཏེ། ཐའེ་ཝན་དང་འབྲེལ་ལམ་བཅད་ཡོད་པ་རེད། 

ཕྱི་ལོ་༢༠༢༡ ལོའི་ཟླ་༡༡ པའི་ནང་ཧོན་ཌུ་རཱ་སེ་ནང་དུ་སྲིད་འཛིན་གྱི་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུའི་གྲུབ་དོན་དུ་རང་དབང་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཤཱིའོ་མཱ་རཱ་ཁཱསེ་ཀྲེརཱོ་ལ་འོས་གྲངས་ཀྱི་བརྒྱ་ཆ་༥༡ དང་འོས་ཤོག་གྲངས་ས་ཡ་༡.༧ ཐོབ་ནས་རྒྱལ་ཁ་ཐོབ་ཡོད་པ་རེད། ཁོང་ལ་ཐོབ་པའི་འོས་གྲངས་དེ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ནང་སྲིད་འཛིན་འོས་མི་ཞིག་ལ་འོས་གྲངས་མང་ཤོས་ཐོབ་པ་ཆགས་འདུག དེ་བཞིན་ཁོང་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ནང་བུད་མེད་ཀྱི་སྲིད་འཛིན་ཐོག་མ་ཆགས་ཡོད། ཁོང་གི་དམ་འབུལ་མཛད་སྒོར་ཐའེ་ཝན་གྱི་སྲིད་འཛིན་གཞོན་པ་ཝི་ལེམ་ལཱེ་མགྲོན་འབོད་ལྟར་སླེབས་ནས། ཐའེ་ཝན་དང་འབྲེལ་ལམ་བརྟན་པོ་ཉར་རྒྱུའི་རྣམ་འགྱུར་བསྟན་ཡོད་པ་རེད་དེ། ད་ལྟའི་ཆར་ཕྱི་འབྲེལ་གྱི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་སོང་ཡོད་པའི་རྣམ་པ་ཐོན་འདུག 

གནད་དོན་དེ་དང་འབྲེལ་ནས་ཐའེ་ཝན་གྱི་ཕྱི་སྲིད་ལས་ཁང་ནས། ཐའེ་ཝན་གྱིས་ད་བར་ཧོན་ཌུ་རཱ་སེའི་མཐུན་ཕྱོགས་རྒྱལ་ཁབ་བརྟན་པོ་ཞིག་བྱས་ཡོད་པ་དང་། ཧོན་ཌུ་རཱ་སེ་ནས་རྒྱ་ནག་གི་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད་འདུག 

གལ་ཏེ་ཧོན་ཌུ་རཱ་སེ་ཡིས་དངོས་སུ་རྒྱ་ནག་དང་འབྲེལ་ལམ་གསར་འཛུགས་བྱས་ཏེ་ཐའེ་ཝན་དང་འབྲེལ་ལམ་བཅད་ཚེ། རྒྱལ་སྤྱིའི་ནང་ཐའེ་ཝན་དང་གཞུང་འབྲེལ་གྱི་འབྲེལ་ལམ་ཡོད་མཁན་རྒྱལ་ཁབ་༡༣ ལས་མེད་པ་ཆགས་རྒྱུ་ཡིན་ཁར། དེ་དག་མང་ཆེ་བ་ནི་སྟོབས་ཆུང་རྒྱལ་ཁབ་ཤ་སྟག་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply