ཐའེ་ཝན་གྱི་རྒྱལ་སྟོན་ཉིན་སྲིད་འཛིན་གྱི་གཏམ་བཤད་དང་རྒྱ་ནག་ཁོང་ཁྲོ་ལངས་ནས་འཇིགས་སྐུལ།

ཉེ་ཆར་ཐའེ་ཝན་གྱི་རྒྱལ་སྟོན་ཉིན་མོར་སྲིད་འཛིན་གྱི་གཏམ་བཤད་ནང་རྒྱ་ནག་ལ་ཐའེ་ཝན་བདག་དབང་རྩ་བ་ནས་མེད་ཚུལ་སོགས་ཀྱི་གཏམ་བཤད་སྤེལ་རྗེས། རྒྱ་ནག་ཧ་ཅང་ཁོང་ཁྲོ་ལངས་ཡོད་ཚུལ་རྗོད་ཀྱི་འདུག་ལ། དེ་རིང་གཟའ་ཟླ་བའི་ཞོགས་པ་སྔ་པོར་རྒྱ་ནག་གིས་ཐའེ་ཝན་གྱི་ཕྱོགས་བཞི་ནས་དམག་སྦྱོང་བྱས་ནས་འཇིགས་སྐུལ་བྱས་ཡོད་འདུག

ཕྱི་ཚེས་༡༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཟླ༡༠ ཚེས་ ༡༠ ཉིན་རྒྱ་ནག་མི་སེར་རྒྱལ་ཁབ་འགོ་འཛུགས་བྱས་པའི་དུས་དྲན་དེ་ ༡༩༤༩ ལོ་ནས་བཟུང་ཐའེ་ཝན་དུ་སྲུང་བརྩི་བྱས་ཡོད་འདུག་ལ།  དེ་ནི་ ༡༩༡༡ ལོའི་གསར་བརྗེ་འགོ་བཙུགས་པའི་དུས་དྲན་ཞིག་དང་། གསར་བརྗེ་དེས་ཆིང་རྒྱལ་རབས་(༡༦༤༤-༡༩༡༡)མཇུག་བསྡུས་པ་དང་། རྒྱ་ནག་མི་སེར་རྒྱལ་ཁབ་གསར་འཛུགས་བྱས་པའི་ཉིན་མོ་ཞེས་པ་དེ་ཡིན་འདུག འདི་ལོར་ཉིན་མོ་དེར་ཐའེ་ཝན་གྱི་སྲིད་འཛིན་(William Lai)ཝི་ལི་ཨིམ་ལེ་ཡིས་གཏམ་བཤད་གནང་ཡོད་འདུག་པ་དང་།  གཏམ་བཤད་སྐབས་སུ་རྒྱ་ནག་ལ་རྣོ་ངར་ཅན་གྱི་སྐྱོན་བརྗོད་མང་པོ་བྱས་ཡོད་འདུག

འདས་པའི་ལོ་རྒྱུས་ནང་ཕྱི་ཟླ་༡༠ ཚེས་༡༠ ཉིན་རྒྱ་ནག་དང་ཐའེ་ཝན་གཉིས་བར་གྱི་གནད་དོན་སྐོར་ཐའེ་ཝན་ནང་གླེང་སློང་བྱེད་སྲོལ་ཡོད་འདུག་པ་དང་། དེ་བཞིན་རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་རྒྱ་ནག་གིས་ཐའེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྐོར་གླེང་སློང་བྱེད་སྲོལ་ཡོད་པ་བཞིན། འདི་ལོར་རྒྱ་ནག་གི་རྒྱལ་སྟོན་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁུལ་གཅིག་ཡིན་པ་དང་། ཐའེ་ཝན་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུ་ནི་མ་འོངས་རྒྱ་ནག་གི་མངོན་འདོད་ཡིན་པར་བརྗོད་ཡོད་འདུག 

བདུན་ཕྲག་སྔོན་མར་ཐའེ་ཝན་གྱི་རྒྱལ་སྟོན་ཉིན་མོར་ཐའེ་ཝན་གྱི་སྲིད་འཛིན་གྱིས་རྒྱ་ནག་གི་ཐའེ་ཝན་ནམ་ཡང་མཚོན་ཐུབ་ཀྱི་མ་རེད་ལ། མཚོན་རྒྱུའི་དབང་ཆ་ཡོད་མ་རེད་ཅེས་བརྗོད་ཡོད་འདུག་ལ། དེ་བཞིན་ཐའེ་ཝན་ནི་རང་དབང་དང་དམངས་གཙོ་ལྡན་པའི་སྤྱི་ཚོགས་ཤིག་ཡིན་པས། དམངས་གཙོ་དང་རང་དབང་སྔར་ལས་ལྷག་པ་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད། རྒྱ་ནག་དང་ཐའེ་ཝན་གཉིས་ནི་འདྲ་མཉམ་ཡིན་པ་ལས་གཅིག་གི་འོག་ཏུ་གཅིག་ཡོད་མ་རེད་ཅེས་བརྗོད་འདུག དེ་ལ་རྒྱ་ནག་གཞུང་གི་མགྲིན་ཚབ་པས(Moa Ning)མོའུ་ནེ་ཟེར་བ་དེ་ཡིས་ཐའེ་ཝན་གྱི་སྲིད་འཛིན་གྱི་གཏམ་བཤད་ནང་ཁ་ཕྲལ་རིང་ལུགས་ཀྱི་བསམ་བློ་ཡོད་ཚུལ་དང་། ཐའེ་ཝན་དང་རྒྱ་ནག་གཉིས་ཀྱི་ལོ་རྒྱུས་ནག་བསུབ་གཏོང་གི་ཡོད་ཚུལ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག 

ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་ཞུས་ནས་ཉིན་གྲངས་བཞི་ཕྱིན་རྗེས་དེ་རིང་གཟའ་ཟླ་བའི་ཉིན་གྱི་ཞོགས་པར་རྒྱ་ནག་གི་མཚོ་དམག་དང་གནམ་དམག གཉིས་ཀས་ཐའེ་ཝན་གྱི་ཉེ་འཁོར་ཕྱོགས་བཞི་ཡོངས་སུ་བསྐོར་ནས་ས་ཚུགས་དྲུག་ཏུ་དམག་སྦྱོང་ཚད་མཐོན་པོ་བྱས་ཡོད་འདུག་ལ། རྒྱ་ནག་གཞུང་འབྲེལ་གསར་ཁང་(CCTV)ནས་བསྟན་དོན་ལ། རྒྱ་ནག་གི་དམག་གི་མཚོ་གྲུ་དང་། དམག་འཐབ་གནམ་གྲུ དེ་བཞིན་གོ་མཚོན་སོགས་མང་པོ་ཞིག་སྦྱོང་བརྡར་བྱས་ཡོད་འདུག དེ་དག་ནི་ཐའེ་ཝན་ནང་ལ་ཡོད་པའི་ཁ་ཕྲལ་རིང་ལུགས་པ་འགོག་རྒོལ་ཆེད་དུ་དང་། ཐའེ་ཝན་གྱི་ཕྱི་ཕྱོགས་ཀྱི་ཁ་ཕྲལ་བ་རྣམས་འགོག་རྒོལ་ཆེད་དུ་ཉེན་བརྡ་ཞིག་གཏོང་གི་ཡོད་ཅེས་རྒྱ་ནག་གིས་བརྗོད་ཡོད་འདུག 

ཐའེ་ཝན་གྱི་བདེ་སྲུང་ལྷན་ཁང་གིས་རྒྱ་ནག་གིས་ཐའེ་ཝན་གྱི་ཉེ་འཁོར་དུ་དམག་སྦྱོང་བྱེད་པ་ནི་བཟོད་ཐབས་མེད་པ་ཞིག་ཡིན་པ་དང་། ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་དང་། ཐེངས་འདིའི་དམག་སྦྱོང་དེ་ནི་སྔར་དང་མི་འདྲ་བ། དམག་མི་དང་གནམ་གྲུ མཚོ་གྲུ་སོགས་སྔར་ལས་ལྡབ་ཁ་ཤས་མང་བ་ཡོད་འདུག་ཅིང་། ཐའེ་ཝན་གྱི་ཕྱོགས་ཡོངས་སུ་བསྐོར་ནས་དམག་སྦྱོང་བྱས་ཡོད་འདུག དེ་ནི་གལ་སྲིད་དམག་འཁྲུག་དངོས་སུ་བྱུང་བ་ཡིན་ན། ཐའེ་ཝན་གྱི་ཕྱོགས་ཡོངས་སུ་བསྐོར་ནས་ཕྱི་ཕྱོགས་ནས་རོགས་རམ་ཡོང་ཐབས་མེད་པ་བཟོ་རྒྱུ་ཡིན་འདུག་ལ། ཐའེ་ཝན་ནང་ནས་ཕྱི་ཕྱོགས་སུ་ཐོན་ཐབས་མེད་པ་བཟོ་རྒྱུ་ཡིན་པ་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་འདུག 

ཁ་སང་རྒྱ་ནག་གི་ཤར་ཕྱོགས་ཀྱི་དམག་སྡེའི་བཀོད་འདོམས་པ་ཞིག་གིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་བརྙན་ཞིག་བཞག་ཡོད་འདུག་པ་དང་། བརྙན་དེའི་ནང་དམག་འཐབ་དངོས་སུ་བྱེད་རྒྱུའི་གྲ་སྒྲིག་ཆ་ཚང་ཡིན་ཞེས་བྲིས་ཡོད་འདུག ཐའེ་ཝན་གྱི་བདེ་སྲུང་ལྷན་ཁང་གིས་(Reuters)གསར་ཁང་ལ་རྒྱ་ནག་གིས་ཐའེ་ཝན་གྱི་ཉེ་འཁོར་དུ་དམག་སྦྱོང་བྱེད་བཞིན་པ་དག་ལ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་དང་། དམག་མི་འགྲེམས་འཇོག་བྱས་ཡོད་པར་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།