ཐའེ་ཝན་གྱི་རྒྱལ་སྲུང་སྔོན་རྩིས་གསར་པའི་ནང་། གཡུལ་འགྱེད་གནམ་གྲུའི་ཐོག་ལ་ཨ་སྒོར་ཐེར་འབུམ་ ༡.༤ གཏོང་འཆར་ཡོད་འདུག

རྒྱ་ནག་གི་འཇིགས་སྐུལ་དང་བཙན་འཛུལ་ལ་ཁ་གཏད་གཅོག་པའི་ཆེད། ཐའེ་ཝན་གྱིས་ལོ་རྗེས་མའི་རྒྱལ་སྲུང་འགྲོ་གྲོན་ནང་ཨ་སྒོར་ཐེར་འབུམ་ ༡.༤ བཏང་ནས་གཡུལ་འགྱེད་གནམ་གྲུ་གསར་པ་ཉོ་སྒྲུབ་བྱེད་འཆར་ཡོད་འདུག

ཐའེ་ཝན་གྱིས་ཁ་སང་རེས་གཟའ་ཕུར་བུའི་ཉིན་ལོ་རྗེས་མའི་རྒྱལ་སྲུང་འགྲོ་གྲོན་གྱི་སྔོན་རྩིས་གསལ་བསྒྲགས་བྱས་པའི་ནང་། སྤྱིའི་རྒྱལ་སྲུང་གི་འགྲོ་གྲོན་དེ་ཙམ་ཡར་སྤར་མེད་ན་ཡང་། དམག་འཁྲུག་དམག་གྲུ་ཉོ་བྱེད་ལ་ཨ་སྒོར་ཐེར་འབུམ་ ༡.༤ བཞག་ཡོད་འདུག
རྒྱ་ནག་གིས་ཐའེ་ཝན་ནི་“རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་”ཤིག་ཡིན་པའི་ཧམ་བཤད་བྱེད་ཀྱིན་ཡོད་པ་མ་ཟད། ཉེ་བའི་ཆར་ཐའེ་ཝན་གྱི་མཁའ་དབྱིབས་སུ་དམག་གྲུ་གཏོང་བ་དང་། ཐའེ་ཝན་གྱི་ཉེ་འཁོར་དུ་དམག་ཤེད་ངོམ་པ་ཤུགས་ཆེ་རུ་བཏང་ནས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་གཏོང་བཞིན་ཡོད་སྟབས། ཐའེ་ཝན་གྱིས་ཀྱང་དེ་མཚུངས་ཀྱིས་ཨ་རིས་གཙོས་པའི་མཐུན་གྲོགས་རྒྱལ་ཁབ་ཚོའི་ལག་ནས་དེང་རབས་ཀྱི་མཚོན་ཆ་འབོར་ཆེན་ཉོས་ཏེ་རང་སྲུང་གི་གྲ་སྒྲིག་ཨང་གསར་དང་བྱེད་ཀྱི་ཡོད།
ཁ་སང་ཕྱིར་བསྒྲགས་བྱས་པའི་རྒྱལ་སྲུང་འགྲོ་གྲོན་གྱི་སྔོན་རྩིས་ནང་། ལྕམ་ཚེ་དབྱིན་ཝན་(Tsai Ing-wen)གྱིས་འགོ་ཁྲིད་པའི་བློན་ཆེན་ལས་ཁུངས་ནས་ལོ་རྗེས་མའི་རྒྱལ་སྲུང་འགྲོ་གྲོན་དེ་ཨ་སྒོར་ཐེར་འབུམ་ ༡༦.༩ ཙམ་བཞག་ཡོད་འདུག་ཅིང་། དེ་ནི་འདི་ལོའི་ཨ་སྒོར་ཐེར་འབུམ་ ༡༦.༢ གྱི་འགྲོ་གྲོན་དང་བསྡུར་ན། གྲངས་ཆུང་ ༧ ཙམ་ཡར་སྤར་ཡོད་འདུག
ཚེ་དབྱིན་ཝན་གྱི་སྲིད་གཞུང་ནས་རྒྱལ་སྲུང་འགྲོ་གྲོན་དེ་ལས་ཨ་སྒོར་ཐེར་འབུམ་ ༡.༤ གཡུལ་འགྱེད་གནམ་གྲུའི་ཐོག་ལ་གཏོང་གི་ཡིན་སྐོར་བརྗོད་ཡོད་འདུག་ཀྱང་། གཡུལ་འགྱེད་གནམ་གྲུའི་རིགས་གང་དང་གྲངས་ཅི་ཙམ་ཉོ་རྒྱུ་ཡིན་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་མི་འདུག
སྔོན་རྩིས་དེ་ལ་ངེས་པར་དུ་གྲོས་ཚོགས་ཀྱི་མོས་མཐུན་རྒྱབ་སྐྱོར་འཐོབ་དགོས་ཀྱི་ཡོད་རུང་། གྲོས་ཚོགས་སུ་ལྕམ་ཚེ་དབྱིན་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་མང་པོ་ཡོད་སྟབས། མོས་འཐུས་འཐོབ་མིན་གྱི་དཀའ་ཁག་ཡོད་མི་འདུག
རྒྱ་ནག་གི་འཇིགས་སྐུལ་ཇེ་ཆེར་འགྱུར་བཞིན་པའི་དུས་སྐབས་འདིར། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝན་གྱིས་ཐའེ་ཝན་གྱི་རང་སྲུང་མཚོན་ཆའི་མ་ལག་དེང་རབས་ཅན་དུ་བསྒྱུར་ནས་རྒྱ་ནག་ལ་ཁ་གཏད་དང་། རྒོལ་ལན་སློག་རྒྱུ་རྒྱལ་ཁབ་ཀྱི་གལ་འགངས་ཆེན་ཆེ་ཤོས་ཀྱི་གནད་དོན་དུ་འཛིན་གྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།