ཐའེ་ཝན་གྱིས་བཟོ་བཀོད་གསར་པ་ལྡན་པའི་ཕྱི་སྐྱོད་ལག་ཁྱེར་འགྲེམས་སྤེལ་བྱས་འདུག 

ཐའེ་ཝན་གྱིས་བཟོ་བཀོད་གསར་པ་ལྡན་པའི་ཕྱི་སྐྱོད་ལག་ཁྱེར་(passport) དངོས་སུ་འགྲེམས་སྤེལ་བྱས་ཏེ། རང་ཉིད་རྒྱ་ནག་ལས་ཐ་དད་པའི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་འགྱུར་གསར་པ་ཞིག་བསྟན་འདུག 

ཐའེ་ཝན་གྱིས་དེ་སྔོན་ནས་རྒྱ་ནག་དང་མི་ནོར་བ་བཟོ་ཆེད་དུ་ཕྱི་སྐྱོད་ལག་ཁྱེར་གྱི་བཟོ་བཀོད་གསར་པ་ཞིག་བཟོ་རྒྱུ་ཡིན་ཚུལ་བཤད་པ་ལྟར། དེ་རིང་རེས་གཟའ་ཟླ་བའི་ཉིན་བཟོ་བཀོད་གསར་པ་ལྡན་པའི་ཕྱི་སྐྱོད་ལག་ཁྱེར་དེ་དངོས་སུ་འགྲེམས་སྤེལ་བྱེད་འགོ་བརྩམས་འདུག 

ཐའེ་ཝན་གྱི་ད་ཡོད་ཕྱི་སྐྱོད་ལག་ཁྱེར་གྱི་མདུན་ངོས་སུ་“རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་”ཅེས་པའི་དབྱིན་ཡིག་བཀོད་ཡོད་པ་དང་། དེའི་གཤམ་འོག་ཏ་“ཐའེ་ཝན་”ཞེས་པའི་ཡིག་འབྲུ་དེ་བྲིས་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་ཏུ་ཐའེ་ཝན་དང་རྒྱ་ནག་གཉིས་ལ་འཁྲུལ་གཞི་འབྱུང་གི་ཡོད། 

ཡིན་ན་ཡང་། ཕྱི་སྐྱོད་ལག་ཁྱེར་གསར་པའི་མདུན་ངོས་སུ་“ཐའེ་ཝན་”ཞེས་པའི་དབྱིན་ཡིག་དེ་ཇེ་ཆེར་བཏང་བ་དང་། རྒྱལ་རྟགས་ནང་གི་ཡིག་ཆུང་མ་གཏོགས་“རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་”ཅེས་པའི་དབྱིན་ཡིག་རྣམས་ཡོངས་སུ་བསུབས་ཡོད་འདུག  

ཕྱི་སྐྱོད་ལག་ཁྱེར་གྱི་བཟོ་བཀོད་དེ་བརྗེ་སྒྱུར་གཏོང་བའི་དགོས་དམིགས་ཐད་ལ། ཐའེ་ཝན་དོན་གཅོད་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཧྥོ་བྷེ-ཡའ་(Phoebe Yeh) ཡིས་“འདིའི་དམིགས་ཡུལ་ནི་ཐའེ་ཝན་མངོན་གསལ་དོད་དུ་གཏོང་རྒྱུ་དེ་ཡིན་ཞིང་། དེ་ལ་བརྟེན་ནས་ཐའེ་ཝན་གྱི་མི་སེར་རྣམས་ཕྱིའི་རྒྱལ་ཁབ་ཏུ་འགྲོ་དུས། རྒྱ་ནག་ནས་ཡོང་བ་ཡིན་པར་འཁྲུལ་གྱི་མ་རེད་”ཅེས་བཤད་འདུག 

བདུན་ཕྲག་གོང་མའི་རེས་གཟའ་སྤེན་པའི་ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཨ་རི་དང་ཐའེ་ཝན་གྱི་གཞུང་འབྲེལ་མི་སྣའི་བར་གྱི་འབྲེལ་ལམ་འཛིན་ཕྱོགས་སྐོར་གྱི་བཀག་རྒྱ་རྣམས་མེད་པ་བཟོས་པ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། རྒྱ་ནག་དང་ཐའེ་ཝན་གྱི་གནད་དོན་ཉམས་ཞིབ་པ་ཁྲིམས་ལུགས་སློབ་དཔོན་མེ་གྷི-ལིའུ་སི་(Maggie Lewis) ཡིས་དེའི་“དམིགས་ཡུལ་དེ་ནི་ཨ་ཐའེའི་གཞུང་འབྲེལ་མ་ཡིན་པའི་འབྲེལ་ལམ་དེ་གཞུང་འབྲེལ་གྱི་འབྲེལ་ལམ་ལྟ་བུར་སྒྱུར་རྒྱུ་ཡིན་པར་མངོན་”ཞེས་འགྲེལ་བརྗོད་བྱས་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།