ཐའེ་ཝན་གྱིས་ཡུ་རོབ་ཏུ་ཐའེ་ཝན་རང་གི་མིང་ཐོག་ནས་སྐུ་ཚབ་དོན་གཅོད་ཐོག་མ་དེ་གསར་འཛུགས་བྱེད་རྒྱུ་རེད་འདུག
མང་གཙོའི་རྒྱལ་ཁབ་ཁག་དང་རྒྱ་ནག་གཉིས་ཀྱི་འགལ་བ་དྲག་ཏུ་གྱུར་ནས་ཐའེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཐའེ་ཝན་གྱིས་ཡུ་རོབ་གླིང་ཆེན་གྱི་རྒྱལ་ཁབ་ལི་ཐི་ནི་ཡ་(Lithuania) རུ་ཐའེ་ཝན་རང་གི་མིང་ཐོག་ནས་སྐུ་ཚབ་དོན་གཅོད་ཆེས་ཐོག་མ་དེ་གསར་འཛུགས་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག
ཁ་སང་རེས་གཟའ་མིག་དམར་ཉིན་བསྐོངས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇོ་སི་ཧྤི་ཝུ་(Joseph Wu) ཡིས་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐི་ནི་ཡའི་རྒྱལ་ས་ཝིལ་ནཱ་སི་(Vilnius) རུ་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་འདུག
ད་ལྟའི་ཆར་ཡུ་རོབ་ཏུ་ཡོད་པའི་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་རྣམས་རྒྱལ་ས་ཐའེ་བྷེ་(Taipei) ཡི་མིང་ཐོག་ཏུ་ཡོད་རུང་། ཕྱི་སྲིད་བློན་ཆེན་ཁོང་གིས་ལས་ཁུངས་གསར་པ་དེའི་མིང་“ཐའེ་ཝན་”ཞེས་འདོགས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་པ་དང་། གསར་འགོད་པ་ཚོས་ཁོང་ལ་ལས་ཁུངས་གསར་པའི་མིང་ལ་“ཐའེ་ཝན་”ཞེས་འདོགས་དགོས་དོན་གང་ཡིན་དྲིས་པར། ཁོང་གིས་ཨ་རི་དང་དབྱིན་ཇི། ཧྥ་རན་སི། འཇར་མན་ལྟ་བུའི་རྒྱལ་ཁབ་གཞན་རྣམས་ཀྱིས་སོ་སོའི་སྐུ་ཚབ་དོན་གཅོད་ལ་རྒྱལ་ཁབ་ཀྱི་མིང་འདོགས་སྲོལ་ཡོད་པ་དེ་ལ་བལྟས་པ་ཡིན་ཚུལ་བརྗོད་ཡོད་འདུག
ཕྱི་སྲིད་བློན་ཆེན་ཁོང་གིས་“ལི་ཐི་ནི་ཡས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོ་ལྟ་བུའི་འཇིག་རྟེན་ཡོངས་ཁྱབ་ཀྱི་རིན་ཐང་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ལ། ཐའེ་ཝན་གྱི་བསམ་པ་མཐུན་པའི་གྲོགས་པོ་རེད། ཐའེ་ཝན་དང་ལི་ཐི་ནི་ཡ་གཉིས་ཀ་མང་གཙོ་དང་རང་དབང་གྱི་སྲིད་གཞུང་སྲུང་སྐྱོབ་བྱེད་པའི་མཐའ་མཚམས་གལ་ཆེན་ཞིག་ཏུ་ཡོད་”ཅེས་བརྗོད་ཡོད་འདུག
ཐའེ་ཝན་གྱིས་དོན་གཅོད་གསར་འཛུགས་བྱེད་བཞིན་པའི་གནད་དོན་ལ་པེ་ཅིང་སྲིད་གཞུང་གིས་ཁོང་ཁྲོའི་རྣམ་འགྱུར་དྲག་པོ་བསྟན་པ་མ་ཟད། “ཕྱིའི་རྒྱལ་ཁབ་གཞན་སུས་ཐའེ་ཝན་དང་གཞུང་འབྲེལ་གྱི་འབྲེལ་བ་གང་འདྲ་ཞིག་བཙུགས་ཀྱང་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་”ཅེས་བརྗོད་དེ་ལི་ཐི་ནི་ཡ་ལ་“རྒྱ་ནག་གཅིག་”གི་སྲིད་བྱུས་བསྟུན་པའི་དགོས་འདུན་ཡང་བཏོན་ཡོད་འདུག
གསར་འགོད་པ་དཀོན་མཆོག་རབ་བརྟན།