ཐའེ་ཝན་གྱིས་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་ལ་ལྟེ་གནས་ཁང་གསར་པ་ཞིག་སྒོ་འབྱེད་བྱས།

ཟླ་འདིའི་ཚེས་༡༧ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གྱིས་རྒྱ་གར་དང་འབྲེལ་ལམ་འཕེལ་རྒྱས་གཏོང་ཆེད། རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་ལ་ལྟེ་གནས་ཁང་གསར་པ་ཞིག་སྒོ་འབྱེད་བྱས་ཡོད་འདུག

པར། WION གསར་ཁང་།

ཐའེ་ཝན་དང་རྒྱ་གར་གཉིས་ཀྱིས་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་སོགས་ཡར་རྒྱས་གཏོང་ཆེད། ཟླ་འདིའི་ཚེས་༡༦ ་ཉིན་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་ལ་ཐའེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་གི་ལྟེ་གནས་ཁང་(TECC) ་གསར་པ་ཞིག་སྒོ་འབྱེད་བྱས་ཡོད་འདུག

དེ་ཡང་ཐའེ་ཝན་གྱིས་ཕྱི་ལོ་༡༩༩༥ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ལྟེ་གནས་ཁང་ཞིག་བཙུགས་ཡོད་པ་མ་ཟད། ཕྱི་ལོ་༢༠༡༢་ ལོར་རྒྱ་གར་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཅེན་ནེ་(Chennai) ་ལ་ཡང་ལྟེ་གནས་ཁང་ཞིག་བཙུགས་ཤིང་། ད་ཐེངས་ལྟེ་གནས་ཁང་དེ་ནི་རྒྱ་གར་དུ་ཡོད་པའི་ཐའེ་ཝན་གྱི་ལྟེ་གནས་ཁང་གསུམ་པ་དེ་གྱུར་འདུག ཐའེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་ལྟེ་གནས་ཁང་དེེས་རྒྱ་གར་གྱི་ནུབ་ཕྱོགས་ས་ཁུལ་ཁག་ཏུ་ཡོད་པའི་ཐའེ་ཝན་གྱི་ཡུལ་སྐོར་བ་དང་ཚོང་པ་སོགས་ལ་ཛ་དྲག་གི་རོགས་རམ་དང་ཡིག་ཆ་དང་མཐོང་མཆན་སོགས་དང་འབྲེལ་བའི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པར་བརྗོད་འདུག

ཕྱི་ལོ་༢༠༡༦ ནས་༢༠༢༣ བར་ཕྱོགས་གཉིས་ཀྱི་བར་ཚོང་འབྲེལ་བརྒྱ་ཆ་༦༤% ་འཕར་ཏེ་ཨ་སྒོར་ཐེར་འབུམ་༨༢ བར་བསླེབས་ཡོད་པ་དང་། མོམ་བྷེ་རུ་ལས་ཁུངས་གསར་འཛུགས་བྱས་པ་དེ་ནི་རྒྱ་གར་དང་ཐའེ་ཝན་དབར་གྱི་ཚོང་འབྲེལ་ཤུགས་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་ཤིག་དང་ཁེལ་ཞིང་། ཟླ་འདིའི་ཚེས་༨ ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་ཞུ་བའི་སྐབས། ལྡི་ལི་ལ་ཡོད་པའི་ཐའེ་ཝན་གྱི་གཞུང་ཚབ་པ་གྷེར་(Baushuan Ger) ་གྱིས་རྒྱ་གར་ནི་ཐའེ་ཝན་གྱི་ཚོང་ཤག་ཆེ་ཤོས་བཅུ་དྲུག་པ་དེ་ཡིན་པ་དང་། རྒྱ་གར་གྱི་ནང་དུ་ཐའེ་ཝན་གྱི་བཟོ་ཚོང་ཁང་༢༦༠ ་ཡིས་ཚོང་ལས་གཉེར་བཞིན་ཡོད་པ་སོགས་ཀྱི་གཏམ་བཤད་གནང་ཡོད་འདུག

དེ་བཞིན་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་བཙུགས་པའི་ཐའེ་ཝན་གྱི་ཤེས་ཡོན་ལྟེ་གནས་༣༦ བརྒྱུད་རྒྱ་གར་གྱི་སློབ་ཕྲུག་༡༤༠༠༠ གིས་རྒྱ་སྐད་སྦྱོང་བཞིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་གྱི་སློབ་ཕྲུག་༣༠༠༠ གིས་ཐའེ་ཝན་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་བཅས་ཕྱོགས་གཉིས་བར་ཚོང་ལས་ཙམ་མ་ཡིན་པར། ཚན་རིག་དང་འཕྲུལ་རིག རིག་གཞུང་བརྗེ་ལེན་སོགས་ཀྱི་ཁྱབ་ཁོངས་ཀྱང་འཕེལ་རྒྱས་འགྲོ་བཞིན་ཡོད་འདུག

ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་གདོང་ཐུག་དང་རྒྱ་ནག་གིས་ཐའེ་ཝན་མཐའ་འཁོར་དུ་དམག་སྦྱོང་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་སོགས་ཀྱིས་རྒྱ་གར་དང་ཐའེ་ཝན་གཉིས་ཉེ་རུ་བཏང་ཡོད་པ་མ་ཟད། སྤྱོད་བདེའི་ཁ་པར་(Smartphone) ་གྱི་ནང་ཅིབ་སེ་མ་ལག་(Chipset) ་བརྒྱ་ཆ་༧༠% ་དང་(Semiconductor) ་བརྒྱ་ཆ་༩༠% ་ཙམ་ཐའེ་ཝན་ནང་དུ་བཟོ་བཞིན་ཡོད་པའི་དབང་གིས་རྒྱལ་ཁབ་མང་པོས་ཐའེ་ཝན་ལ་བརྟེན་བཞིན་ཡོད་པ་ལྟར། རྒྱ་གར་གྱིས་ཀྱང་ཐའེ་ཝན་ལ་བརྟེན་བཞིན་ཡོད་འདུག།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཝི་ཇེ་(Vijay Gokhale) ་ཡིས། ཐའེ་ཝན་མཚོ་འགག་ཏུ་རྩོད་རྙོག་གང་འདྲ་བྱུང་རུང་། དེས་རྒྱ་གར་གྱི་དཔལ་འབྱོར་དང་རྒྱ་གར་གྱི་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་བཟོ་སྲིད་ཅེས་ཁོང་གིས་དཔྱད་རྩོམ་ནང་བྲིས་མྱོང་ཡོད་འདུག།

གསར་འགོད་པ།བློ་བཟང་རྒྱ་མཚོ།

This will close in 0 seconds