ཐའེ་ཝན་གྱིས་རྒྱ་ནག་ནས་བྲོས་བྱོལ་དུ་ཡོང་བའི་བྷེ་བྷེ་སིའི་གསར་འགོད་པར་དགའ་བསུ་བྱས།
བྷེ་བྷེ་སི་གསར་ཁང་(BBC) གི་གསར་འགོད་པ་གྲགས་ཅན་ཇོན-སུ་ཝ་ཐི་(John Sudworth) རྒྱ་ནག་གཞུང་གི་འཇིགས་སྐུལ་ལ་བརྟེན་ནས་རྒྱ་ནག་ནས་ཐའེ་ཝན་ལ་གནས་སྤོ་བྱས་རྗེས། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་གསར་འགོད་པ་ཁོང་དང་། འཛམ་གླིང་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་རྣམས་“ང་ཚོའི་རྒྱལ་ཁབ་ཀྱི་སྨྲ་བརྗོད་རང་དབང་དང་བཅར་འདྲིའི་རང་དབང་ལ་ལོངས་སུ་སྤྱོད་”དུ་ཕེབས་པར་དགའ་བསུ་ཞུ་ཞེས་བརྗོད་འདུག
འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ལ་རྒྱ་ནག་ཏུ་ཕྱག་ལས་གནང་བའི་བྷེ་བྷེ་སིའི་གསར་འགོད་པ་ཁོང་གིས། ཉེ་ལམ་སྙིང་སྟོབས་ཆེན་པོས་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་གཏོང་བཞིན་པའི་གནས་ཚུལ་རྣམས་གསལ་རྗེན་དུ་སྤེལ་རྗེས། རྒྱ་ནག་གཞུང་གིས་ཁོང་ལ་འཇིགས་སྐུལ་དང་སྡིགས་ར་ཤུགས་ཆེན་བྱས་སྟབས། ཁོང་རྒྱ་ནག་ནས་ཐའེ་ཝན་དུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་འདུག
ཁ་སང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་གསར་ཁང་གོ་ལའི་དུས་བབ་(GLobal Times) ཀྱིས་ཁོང་རྒྱ་ནག་ནས་བྱོས་བྲོལ་དུ་ཕྱིན་ནས་“ཐའེ་ཝན་དུ་གབ་ཡོད་”ཅེས་བསྒྲགས་པའི་རྗེས། བྷེ་བྷེ་སི་གསར་ཁང་ནས་གསར་འགོད་པ་ཁོང་གིས་“རྒྱ་ནག་གཞུང་གིས་འཛམ་གླིང་ལ་ཤེས་སུ་འཇུག་ན་མི་འདོད་པའི་བདེན་པ་རྣམས་གསལ་རྗེན་དུ་བསྟན་”རྗེས། ཁོང་ཐའེ་ཝན་ལ་གནས་སྤོ་བྱས་ཡོད་ཅེས་བརྗོད་འདུག
རེས་གཟའ་ཕུར་བུའི་ཉིན་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇོ་ནི་ཝོ་(Joanne Ou) ཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ་ཐའེ་ཝན་ནི་གུ་ཡངས་དང་ལྟ་བ་སྣ་འཛོམས་ཀྱི་སྤྱི་ཚོགས་ལྡན་པའི་མང་གཙོ་དང་རང་དབང་གི་རྒྱལ་ཁབ་ཅིག་ཡིན་པ་དང་། “ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་ཁྱབ་གསར་འགོད་རང་དབང་ལ་བརྩི་བཀུར་ཤུགས་ཆེན་བྱེད་ཀྱི་ཡོད་”ཅེས་བཤད་འདུག
ཕྱི་སྲིད་མགྲིན་ཚབ་པ་ཁོང་གིས་འཛམ་གླིང་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་རྣམས་ཐའེ་ཝན་དུ་ཡོང་ནས་“ང་ཚོའི་རྒྱལ་ཁབ་ཀྱི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་”ལོངས་སུ་སྤྱོད་རྒྱུར་དགའ་བསུ་ཞུ་ཡི་ཡོད་ཅེས་བརྗོད་པ་མ་ཟད། ཐའེ་ཝན་དུ་ལས་དོན་སྒྲུབ་འདོད་ཡོད་པའི་རྒྱལ་སྤྱིའི་གསར་ཁང་རྣམས་ལ་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་མཐུན་སྦྱོར་རོགས་རམ་ཡང་ཞུ་རྒྱུའི་ཁས་ལེན་གནང་འདུག
ཕྱི་སྲིད་མགྲིན་ཚབ་པ་ཁོང་གིས་བརྗོད་པ་ལྟར་ན། ཉེ་ཆར་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བར་དུ་འགལ་ཟླ་ཇེ་ཆེར་འགྱུར་བཞིན་པའི་གནས་སྟངས་འོག་༢༠༢༠ ལོའི་ཕྱི་ཟླ་༣ པ་ནས་ད་ལོའི་ཕྱི་ཟླ་༣ པའི་བར་དུ་ཐའེ་ཝན་དུ་རྒྱལ་སྤྱིའི་གསར་ཁང་༢༡ ཀྱི་ཡན་ལག་གསར་འཛུགས་དང་། གསར་འགོད་པ་༣༩ གསར་དུ་འབྱོར་ཡོད་འདུག
དེང་སྐབས་རྒྱ་ནག་དང་མང་གཙོའི་རྒྱལ་ཁབ་ཁག་གི་བར་དུ་ཕྱོགས་སྣ་ཚོགས་ནས་འགལ་ཟླ་ཤུགས་ཆེར་འགྱུར་བཞིན་ཡོད་པས། རྒྱལ་སྤྱིའི་གསར་ཁང་དང་བཟོ་ཚོང་ཁང་རྣམས་རྒྱ་ནག་ནས་ཐའེ་ཝན་དུ་སྤོ་བའམ་སྤོ་བའི་འཆར་གཞི་འཐེན་བཞིན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།