ཐའེ་ཝན་གྱིས་ཧོང་ཀོང་ནས་བྲོས་བྱོལ་ཡོང་མཁན་ཚོའི་ཆེད་དུ་ལས་ཁུངས་སྒོ་འབྱེད་བྱེད་རྒྱུ་རེད་འདུག

ཐའེ་ཝན་གཞུང་གིས་ཧོང་ཀོང་ནང་དུ་ཆབ་སྲིད་ཀྱི་རྒྱུ་མཚན་ལ་བརྟེན་ནས་གནས་སྡོད་བྱེད་ཐབས་མེད་པར། ཐའེ་ཝན་དུ་བྲོས་བྱོལ་དུ་ཡོང་མཁན་རྣམས་ཀྱི་བདེ་སྡུག་ཆེད་དུ་ལས་ཁུངས་གསར་པ་ཞིག་སྒོ་འབྱེད་བྱེད་རྒྱུ་ཡིན་འདུག་པ་དང་། དགོས་ངེས་ཀྱི་འགྲོ་སོང་རྣམས་ཐའེ་ཝན་གཞུང་གིས་གཏོང་རྒྱུ་ཡིན་འདུག

ཟླ་༦ པའི་ཚེས་༡༩ ཉིན་ཧོང་ཀོང་གི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་སྔོན་མར་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚཡེ་དབྱིང་ཝན་གྱིས། ཧོང་ཀོང་ནང་གི་མང་གཙོ་ལས་འགུལ་བ་ཚོར་རྒྱབ་སྐྱོར་བྱེད་ཆེད་དུ། ལས་འཆར་ཞིག་ལག་བསྟར་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཟླ་༧ པའི་ཚེས་༡ ཉིན་ཐའེ་ཝན་ནང་དུ་ལས་ཁུངས་གསར་པ་ཞིག་སྒོ་འབྱེད་བྱེད་རྒྱུ་ཡིན་པ་དང་། དེའི་ལས་འགན་གཙོ་བོ་ནི་ཧོང་ཀོང་ནས་ཆབ་སྲིད་ཀྱི་གནད་དོན་ལ་བརྟེན་ནས། ཐའེ་ཝན་དུ་སྐྱབས་བཅོལ་ཞུ་མཁན་ཚོའི་སྙན་ཞུ་དང་འབྲེལ་བ་ཡོད་འདུག

དེ་ཡང་ཐའེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ཁང་གི་འགན་འཛིན་ཆེན་མིང་ཏཱོང་གིས་བརྗོད་དོན་ལྟར་ན། ཧོང་ཀོང་ནས་ཐའེ་ཝན་དུ་ཡོང་མཁན་ཁྲོད་དུ། སོ་སོའི་རང་དབང་དང་བདེ་འཇགས་ལ་ཉེན་ཁ་ཡོད་ནས་ཡོང་མཁན་ཚོའི་དགོས་ངེས་ཀྱི་འགྲོ་སོང་རྣམས་ཐའེ་ཝན་གཞུང་གིས་གཏོང་རྒྱུ་ཡིན་པ་དང་། འདས་པའི་ནང་ཐའེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འགྲོ་སོང་བཏང་ཡོད་ཀྱང་། ད་ཆ་གཞུང་གིས་ལས་དོན་དེར་འགན་ལེན་རྒྱུ་ཡིན་འདུག དེ་ཡང་ཐའེ་ཝན་ནང་དུ་ཁྲིམས་མཐུན་ཐོག་ནས་ཡོང་མཁན་ཚོར་དཔལ་འབྱོར་གྱི་མཐུན་སྦྱོར་སྤྲོད་རྒྱུ་ཡིན་ཁར། ལས་ཁུངས་གསར་པ་དེས་ཧོང་ཀོང་ནས་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་མཁན་གཅིག་པུ་མིན་པར། གཞན་ཡང་ཐའེ་ཝན་ནང་དུ་སློབ་སྦྱོང་བྱེད་མཁན་དང་ལས་ཀ་བྱེད་མཁན། མ་འཛུགས་བྱེད་མཁན་སོགས་ཀྱི་སྙན་ཞུ་དང་འབྲེལ་བའི་ལས་ཀར་ཡང་འཇུག་དགོས་ཀྱི་ཡོད་འདུག སྙན་ཞུ་རྣམས་ལ་མཐའ་མའི་ཐག་གཅོད་དེ་གཞུང་གིས་བྱེད་རྒྱུ་ཡིན་འདུག

འགན་འཛིན་ཆེན་མིང་ཏཱོང་གིས་ཐའེ་ཝན་གྱི་ཁྲིམས་ནང་དུ་ལས་དོན་དེའི་སྐོར་གསལ་པོ་ཡིན་པ་དང་། ལས་དོན་དེ་ནི་ཉེན་སྐྱོབ་ཀྱི་ལས་འགུལ་མིན་པར་རྒྱབ་སྐྱོར་གྱི་ལས་དོན་ཞིག་ཡིན་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༩ ལོར་ཐའེ་ཝན་ནང་དུ་ཧོང་ཀོང་མི་མང་གནས་སྤོ་བྱེད་མཁན་༥༠༠༠ ལས་མང་བ་བྱུང་འདུག་པ་དང་། དེ་ནི་ཕྱི་ལོ་༢༠༡༨ དང་བསྡུར་ན་བརྒྱ་ཆ་༤༡ ཀྱིས་འཕར་བ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།