ཐའེ་ཝན་གྱིས་སྲིད་འཛིན་ཊོམ་མྱུར་དུ་ནད་ཡམས་ལས་དྲག་ནས་རྒྱ་ནག་འགོག་རྒོལ་གནང་བའི་རེ་སྨོན་ཞུས་འདུག 

དེ་རིང་སྟེ་ཕྱི་ཟླ་༡༠ ཚེས་༥ རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོས། ཐའེ་ཝེན་གྱིས་ཨ་རིའི་སྲིད་འཛིན་མགྱོགས་ནས་མྱུར་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལས་དྲག་སྟེ། མུ་མཐུད་རང་དབང་ལྡན་པའི་འཛམ་གླིང་གི་སྣེ་ཁྲིད་དེ་རྒྱ་ནག་གི་“ཧམ་སྤྱོད་”འགོག་རྒོལ་གནང་བའི་རེ་སྨོན་ཞུ་བཞིན་ཡོད་ཅེས་བརྗོད་འདུག 

རྒྱ་ནག་གིས་ཧམ་པ་ཆེན་པོས་རྟག་ཏུ་ཐའེ་ཝན་སོ་སོའི་མངའ་ཁོངས་ཡིན་ཚུལ་སྒྲོག་གི་ཡོད་པ་མ་ཟད། ཉེ་བའི་བདུན་ཕྲག་འགའ་ཤས་རིང་། རྒྱ་དམག་གིས་ཐའེ་ཝན་གྱི་མཁའ་དབྱིབས་སུ་གནམ་གྲུ་བཏང་ནས་བཙན་འཛུལ་བྱེད་རྒྱུ་ཡིན་པའི་རྣམ་པ་དང་འཇིགས་སྐུལ་ཤུགས་ཆེན་བྱེད་ཀྱི་ཡོད་སྟབས། ཐའེ་ཝན་ལ་དམག་གི་གནོན་ཤུགས་དྲག་པོ་ཞིག་འཕྲད་བཞིན་ཡོད། 

ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ཡོ་ཤི་ཁན་(You Si-kun)གྱིས་ཨ་རིའི་སྲིད་འཛིན་ཊོམ་ལ་ནད་ཡམས་འགོས་པའི་གནས་ཚུལ་ཐོས་དུས་ཧང་སང་ཚུལ་དང་། ཁོང་གིས་གྲོས་ཚོགས་ཀྱི་ཚབ་ཞུས་ཏེ་སྲིད་འཛིན་ཊོམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཚུལ་བརྗོད་པའི་ཐོག “ངས་གོ་སྐབས་འདི་བཟུང་ནས་ཁོང་མྱུར་དུ་དྲག་སྐྱེད་ཡོང་བ་དང་། མུ་མཐུད་རང་དབང་ལྡན་པའི་འཛམ་གླིང་གི་སྣེ་ཁྲིད་དེ་རྒྱ་ནག་དམར་པོའི་ཧམ་སྤྱོད་འགོག་རྒོལ་གནང་བའི་རེ་སྨོན་ཞུ་རྒྱུ་ཡིན་”ཞེས་སྨྲས་འདུག 

ཊོམ་གྱིས་ཨ་རིའི་སྲིད་དབང་བཟུང་བ་ནས་བཟུང་། ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཚོང་དང་། ཧོང་ཀོང་། ཐའེ་ཝན་ལ་སོགས་པའི་གནད་དོན་མང་པོ་ཞིག་གི་ཐོག་ནས་འགལ་ཟླ་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་ལོ་ངོ་བཅུ་ཕྲག་དུ་མའི་ནང་གི་ཚད་གཞི་ཆེས་དམའ་ཤོས་སུ་ཐོན་ཡོད།

ཊོམ་སྲིད་གཞུང་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེ་སྲིད་བྱུས་གཙོ་བོར་བཟུང་བ་མ་ཟད། ལྷག་པར་དུ་རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་དང་། ཧོང་ཀོང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བྱེད་བཞིན་པར་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད། 

འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བ་ལྟར། ཨ་རིས་གཞུང་འབྲེལ་ཐོག་ནས་ཐའེ་ཝན་གྱི་སྲིད་གཞུང་ངོས་ལེན་བྱེད་ཀྱི་མེད། འོན་ཀྱང་། ཨ་རི་ནི་ཐའེ་ཝན་ལ་རང་སྲུང་གི་གོ་མཚོན་མཁོ་སྤྲོད་བྱེད་མཁན་གཙོ་བོ་དང་། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཆེ་ཤོས་དེ་ཡིན། 

ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝན་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀས་ཊོམ་དང་། ཁོང་གི་སྐུ་ཟླ་གཉིས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།