ཐའེ་ཝན་དང་རྒྱ་ནག་གི་གཞུང་ཚབ་ལས་བྱེད་བར་འཁྲུག་འཛིངས་ཤོར་ཡོད་འདུག 

ཞི་བདེ་རྒྱ་མཚོ་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་གཅིག་གི་ནང་དུ། ཐའེ་ཝན་གྱི་རྒྱལ་ཁབ་ཉིན་མོའི་སྐབས་སུ་རྒྱ་ནག་དང་ཐའེ་ཝན་གྱི་གཞུང་ཚབ་ལས་བྱེད་བར་འཁྲུག་འཛིངས་ཤོར་ནས། ཐའེ་ཝན་གྱི་ལས་བྱེད་གཅིག་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག 

ཟླ་༡༠ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཐའེ་ཝན་གྱིས་བརྗོད་དོན་ལྟར་ན་ཟླ་༡༠ པའི་ཚེས་༨ ཉིན་གླིང་ཕྲན་རྒྱལ་ཁབ་ཧྥི་ཇི་ཡི་རྒྱལ་སར། ཐའེ་ཝན་གྱི་ཚོང་དོན་ལས་ཁུངས་ནས་ཐའེ་ཝན་གྱི་རྒྱལ་ཁབ་ཉིན་མོ་སྲུང་བརྩི་དང་འབྲེལ་ནས། རྒྱས་སྤྲོས་ཅན་གྱི་གསོལ་མགྲོན་ཁང་ཞིག་ཏུ་སྐུ་མགྲོན་༡༠༠ ལྷག་ལ་མགྲོན་འབོད་ཀྱིས་མཛད་སྒོ་འཚོགས་བཞིན་པའི་སྐབས་སུ། རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་གཉིས་སླེབས་ནས། སྐུ་མགྲོན་རྣམས་ཀྱི་པར་ལེན་མགོ་བཙུགས་ཡོད་པ་དང་། དེ་དག་གི་གནས་ཚུལ་ལེན་ཐབས་བྱས་ཡོད་པས། ཐའེ་ཝན་གྱི་གཞུང་ཚབ་ལས་བྱེད་གཅིག་གིས་ཁོ་གཉིས་ཕྱིར་འགྲོ་དགོས་སྐོར་བརྗོད་སྐབས། རྒྱ་ནག་གི་ལས་བྱེད་གཉིས་ནས་ཁོ་ལ་རྡུང་རྡེག་བཏང་ནས། མགོ་ལ་རྨས་སྐྱོན་བཟོས་ཡོད་པས་སྨན་ཁང་དུ་བསྐྱལ་དགོས་བྱུང་སྐོར་བརྗོད་ནས། རྒྱ་ནག་གི་ལས་བྱེད་ཀྱི་ཁྲིམས་འགལ་དང་བཟང་སྤྱོད་མེད་པའི་བྱེད་སྟངས་ལ་ངོ་རྒོལ་ཡོད་སྐོར་བསྒྲགས་འདུག

འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་ལས་ཁང་ནས་བརྗོད་དོན་ལ། གསོལ་མགྲོན་ཁང་གི་ཕྱི་ལོགས་སུ་ཡོད་པའི་སྤྱི་དམངས་ཀྱི་ས་ཆར། རྒྱ་ནག་གི་གཞུང་ཚབ་ལས་བྱེད་གཉིས་ཀྱིས་གཞུང་འབྲེལ་ལས་དོན་སྤེལ་བཞིན་ཡོད་པ་དང་། སྐབས་དེར་ཐའེ་ཝན་ལས་བྱེད་ཚོས་འཁྲུག་སློང་གི་བྱ་སྤྱོད་ལ་འཇུག་པ་མ་ཟད། རྒྱ་ནག་གི་ལས་བྱེད་གཅིག་ལ་རྨས་སྐྱོན་བཟོས་ཡོད་སྐོར་དང་། དེ་བཞིན་གསོལ་མགྲོན་ཁང་དུ་དེའི་ནང་ཐའེ་ཝན་གྱི་རྒྱལ་དར་རྫུན་མ་འགྲེམས་སྟོན་བྱས་ཡོད་པ་དང་། ཐའེ་ཝན་གྱི་རྒྱལ་དར་རྫུན་མ་ཡོད་པའི་འཁུར་ར་ཞིག་ཀྱང་ཡོད་པ་ཤེས་རྟོགས་བྱུང་སྐོར་བརྗོད་འདུག 

ཕྱོགས་གཉིས་ཀས་སོ་སོའི་ལས་བྱེད་རྨས་སྐྱོན་ཕོག་ཡོད་པས། རྒྱལ་ཁབ་དེའི་ཉེན་རྟོག་པས་ཞིབ་འཇུག་མཐིལ་ཕྱིན་བྱེད་པའི་རེ་སྐུལ་བྱས་ཡོད་འདུག ཐའེ་ཝན་གྱིས་བརྗོད་དོན་ལྟར་ན་ཧྥི་ཇིའི་ཉེན་རྟོག་པས་རྒྱ་ནག་གི་ལས་བྱེད་གཉིས་པོ་བཙན་ཤུགས་ཀྱིས་གསོལ་མགྲོན་ཁང་ནས་འཁྲིད་ཡོད་འདུག 

སྤྱིར་བཏང་གནད་དོན་ལྷག་ཡུལ་གྱི་ཧྥི་ཇི་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་གཞུང་འབྲེལ་གྱི་འབྲེལ་ལམ་ཕྱི་ལོ་༡༩༧༥ ལོར་བཅད་ནས། རྒྱ་ནག་སྐམ་ས་ཆེན་མོར་ངོས་འཛིན་བྱས་ཡོད་འདུག་ཀྱང་། རྒྱལ་ཁབ་དེའི་ནང་ཐའེ་ཝན་གྱི་ཚོང་དོན་ལས་ཁུངས་ཡོད་འདུག་པས། ཕྱོགས་གཉིས་བར་གཞུང་འབྲེལ་མིན་པའི་ཐོག་ནས་ལས་ཁུངས་དེ་བརྒྱུད་ནས་འབྲེལ་བ་བྱེད་ཀྱི་ཡོད་འདུག 

ཚེས་༡༩ ཉིན་ཧྥི་ཇིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ནས། ཐའེ་ཝན་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་སྐོར་བརྗོད་ནས། ཐའེ་ཝན་གྱི་རྒྱལ་ཁབ་ཉིན་མོ་སྲུང་བརྩི་བྱས་པ་དེས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་རྩིས་མེད་བཏང་ཡོད་པའི་སྐྱོན་བརྗོད་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།