ཐའེ་ཝན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱིས་ཕྱི་ལོ་གསར་པའི་འཚམས་འདྲི་དང་འབྲེལ་ཏེ་རྒྱལ་དོན་གླེང་།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཐའེ་ཝན་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ནི་ཁྱིམ་ཚང་གཅིག་གི་གཉེན་ཉེ་ཡིན་པས། སུས་ཀྱང་ཁོང་ཚོའི་ཁྲག་རྒྱུད་ནང་གི་སྤུན་ཉེའི་བརྩེ་བ་དེ་གཅོད་ཐབས་མེད་པ་མ་ཟད། སུས་ཀྱང་རྒྱ་ནག་གོང་བུ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་འགོག་ཐབས་མེད་ཅེས་བརྗོད་འདུག་པ་དང་། ཐའེ་ཝན་གྱི་སྲིད་འཛིན་གྱིས་རྒྱ་ནག་དང་འདྲ་མཉམ་དང་འཆམ་མཐུན་གྱི་སྒོ་ནས་བརྗེ་རེས་བྱེད་པར་དགའ་བསུ་ཡོད་པའི་གཏམ་བཤད་གནང་འདུག

པར། NIKKEI Asia

ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་གསར་གྱི་སྔ་ནུབ་ཏུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྟོང་ལོ་གསར་པའི་འཚམས་འདྲིའི་གཏམ་བཤད་བྱེད་པའི་སྐབས། ཁོས་ཐའེ་ཝན་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ནི་ཁྱིན་ཚང་གཅིག་གི་མི་ཡིན་པ། སུས་ཀྱང་ཁོང་ཚོའི་ཁྲག་རྒྱུད་ནང་གི་སྤུན་ཉེའི་བརྩེ་བ་དེ་གཅོད་ཐབས་མེད་པ་མ་ཟད། སུས་ཀྱང་རྒྱ་ནག་གོང་བུ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་འགོག་ཐབས་མེད་ཅེས་བརྗོད་འདུག

འདས་པའི་ལོ་ཁ་ཤས་ནང་ཐའེ་ཝན་གྱིས་ཨ་རིའི་རྩ་ནས་གོ་མཚོན་ཕོན་ཆེན་ཉོས་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ཐའེ་ཝན་ལ་ཕེབས་པ། ལྷག་པར་དུ་རྒྱ་ནག་གིས་ཁ་ཕྲལ་རིང་ལུགས་པ་ཞིག་ཏུ་ངོས་འཛིན་བྱས་པའི་ལེ་ཁྲིན་ཐེ་(Lai ching te) ་ན་ནིང་ཕྱི་ཟླ་༥ པའི་ནང་ཐའེ་ཝན་གྱི་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་སོགས་ལ་བརྟེན། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཕྱིན་ནས་གནས་སྟངས་ཛ་དྲག་ཏུ་མུ་མཐུད་གནས་བཞིན་ཡོད་འདུག

ཐའེ་ཝན་གྱི་སྲིད་འཛིན་གྱིས་རེས་གཟའ་ལྷག་པའི་ཉིན་སྟོང་ལོ་གསར་པའི་འཚམས་འདྲིའི་གསུང་བཤད་གནང་སྐབས། ཁོང་གིས་རྒྱ་ནག་དང་ལྷན་དུ་འདྲ་མཉམ་དང་འཆམ་མཐུན་གྱི་སྒོ་ནས་བརྗེ་རེས་བྱེད་རྒྱུར་དགའ་བསུ་ཡོད་ན་ཡང་། རྒྱ་ནག་གིས་གནས་སྐོར་ལྟ་བུའི་གནད་དོན་ལས་སླ་བོ་་ཚུན་ཆད་འགོག་རྐྱེན་བཟོ་བཞིན་པ་དེས་རྒྱ་ནག་གི་ངོས་ནས་བཟང་ཕྱོགས་ཀྱི་འདུན་པ་ཡོད་མེད་ཐད་དོགས་པ་སྐྱེ་དགོས་པ་ཞིག་ཆགས་ཡོད་ཅེས་དང་།

དེ་བཞིན་ཁོང་གིས་རྒྱ་ནག་དང་ཨུ་རུ་སུ། བྱང་ཀོ་རི་ཡ་དང་ཨི་རན་བཅས་མི་གཅིག་དབང་སྒྱུར་རིང་ལུགས་རྒྱལ་ཁབ་ཚོས་མཉམ་ལས་བྱས་ནས་རྒྱལ་སྤྱིའི་འགྲོ་ལུགས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དང་། བྱེད་སྟངས་དེས་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པས། དམངས་གཙོའི་རྒྱལ་ཁབ་ཚོས་རྒྱལ་སྲུང་དང་བདེ་འཇགས་ཐོག་མཉམ་ལས་བྱེད་མ་ཐུབ་ན། རྒྱལ་ཁབ་ཚང་མའི་དཔལ་འབྱོར་དང་བཟོ་ལས་ལ་ཤུགས་རྐྱེན་ཐེབས་ནས་མང་གཙོའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་སྲིད་པ་དང་།

ཐའེ་ཝན་གྱིས་ཞི་བདེའི་དུས་སུ་ཉེན་ཁ་ལ་གྲ་སྒྲིག་ངེས་པར་དུ་བྱེད་དགོས་པ་དང་། རྒྱལ་སྲུང་གི་ནུས་པ་ཆེ་རུ་གཏོང་ཆེད་རྒྱལ་སྲུང་གི་འགྲོ་གྲོན་མང་དུ་གཏོང་དགོས་པ་མ་ཟད། མི་རེ་ངོ་རེ་ལ་ཐའེ་ཝན་གྱི་དམངས་གཙོ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་ཅེས་དང་། གཞན་ཡང་ཁོང་གིས་རྒྱ་ནག་གི་མི་སེར་ཚོ་ཨ་རི་དང་ཉི་ཧོང་སོགས་སུ་རང་དབང་ཐོག་འགྲོ་བསྐྱོད་ཆོག་ན་ཡང་། ཐའེ་ཝན་ལ་འགྲོ་བསྐྱོད་བྱེད་པར་དམ་དྲག་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་གསར་འགོད་པ་ཚོས་རྒྱ་ནག་ལ་དྲི་བ་འདྲི་དགོས་རེད་ཅེས་སོགས་གསུང་བཤད་གནང་འདུག

འདས་པའི་ལོ་ངོ་གཅིག་གི་རིང་། རྒྱ་ནག་གིས་ཐའེ་ཝན་གྱི་མཐའ་སྐོར་དུ་གཞི་རྒྱ་ཆེ་བའི་དམག་སྦྱོང་ཐེངས་གཉིས་བྱས་ནས་ཐའེ་ཝན་ལ་གནོན་ཤུགས་དང་འཇིགས་སྐུལ་བྱས་ཡོད་པ་དང་། ཐའེ་ཝན་གྱི་རང་སྲུང་ཆེད། ཨ་རི་ནས་གོ་མཚོན་ཕོན་ཆེན་ཉོས་ཡོད་ཅིང་། ཨ་རྒྱའི་འབྲེལ་ལམ་ཁྲོད་ཐའེ་ཝན་གྱི་གནད་དོན་དེ་ཡང་གལ་ཆེན་ཞིག་ཆགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།