ཐའེ་ཝན་རང་བཙན་བཀག་འགོག་མ་བྱས་ཚེ་དམར་ཤོག་ཚོགས་པ་མགོ་རྟིང་སློག་གི་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། ཐའེ་ཝན་ཕྱོགས་འགལ་ཚོགས་པ་གོ་མིན་ཏང་གི་འགོ་ཁྲིད་ཧུང་སིའི་ཅུ་ལ་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་རང་བཙན་དེ་བཀག་སྡོམ་མ་བྱས་ན། རྒྱ་ནག་མི་མང་གིས་དམར་ཤོག་ཚོགས་པ་པ་མགོ་རྟིང་སློག་རྒྱུ་ཡིན་སྐོར་བརྗོད་པའི་གནས་ཚུལ་ཐོན་འདུག

14971837_1304204066270126_2048470005_nཟླ་འདིའི་ཚེས་༤ ཉིན་གྱི་ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་འཕྲིན་དུ་གནས་ཚུལ་བཀོད་གསལ། ཟླ་འདིའི་ཚེས་༡ ཉིན་ཞི་ཅིན་ཕིང་དང་ཧུང་སིའི་ཅུ་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཐུག་འཕྲད་བྱས་སྐབས། ཁོང་གིས་ “རྒྱ་ནག་མི་མང་གི་རྒྱལ་ཞེན་ལ་གཞིགས་ན། མི་མང་ཐེར་འབུམ་༡.༣ གྱིས་ཐའེ་ཝན་གྱི་རང་བཙན་ལ་མོས་མཐུན་བྱེད་རྒྱུ་མིན་པ་དང་། རྒྱ་ནག་གཞུང་གིས་ཐའེ་ཝན་རང་བཙན་གྱི་གནད་དོན་དེ་བཀག་སྡོམ་མ་བྱས་ཚེ། མི་མང་གིས་དམར་ཤོག་ཚོགས་པ་དེ་མགོ་རྟིང་སློག་གི་རེད། གལ་ཏེ་ཐའེ་ཝན་གྱིས་རང་བཙན་ཡིན་པའི་ཁྱབ་བསྒྲགས་བྱས་ཚེ། རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ནས་ཐའེ་ཝན་ལ་ཐེ་ཇུས་བྱེད་བཅུག་གི་མིན།”ཞེས་བརྗོད་ཡོད་འདུག་པ་དང་། བརྒྱུད་ལམ་དེས་ཐུག་འཕྲད་དེར་མཉམ་ཞུགས་བྱེད་མཁན་སྐུ་ཚབ་ཅིག་ལ་འབྲེལ་བ་བྱས་འདུག་པ་དང་། དོ་བདག་དེས་གནས་ཚུལ་དེར་ངོས་ལེན་དང་བདེན་པ་མ་ཡིན་པ་གང་ཡང་བརྗོད་མི་འདུག་ཀྱང་། ཞི་ཅིན་ཕིང་གི་སྐད་ཆ་ལས་རྒྱ་ནག་ལ་མཚོ་འགག་གཉིས་ཀྱི་འབྲེལ་ལམ་དེ་མགོ་རྙོག་ནང་དུ་ལྷུང་ནས་ཞི་བདེ་ལྷིང་འཇགས་མེད་པ་ཆགས་རྒྱུའི་འདོད་པ་མེད་པ་གསལ་སྟོན་བྱུང་ཡོད་པ་དང་། གལ་ཆེ་ཤོས་ནི་སྤྱི་ཚོགས་ལྷིང་འཇགས་མེད་པ་ཆགས་རྒྱུའི་ཉེན་ཁ་ལ་གཡོལ་ནས། ཞི་བདེའི་དུས་ཡུན་ནང་ཐའེ་ཝན་མི་མང་གིས་བདེ་སྐྱིད་དང་འཕེལ་རྒྱས་མྱོང་ཐུབ་པ་ཡོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་གོ་མིན་ཏང་གི་འགོ་ཁྲིད་ཧུང་གིས་གསར་འགོད་པ་ཚོར། མོས་ཞི་ཅིན་ཕིང་ལ་ཐའེ་ཝན་དེ་ཉིད་རྒྱལ་སྤྱིའི་ཕྱི་འབྲེལ་གྱི་སྡིངས་ཆར་མཉམ་ཞུགས་བྱེད་པའི་གོ་སྐབས་མང་དུ་གཏོང་བའི་འབོད་སྐུལ་བྱས་པར། ཞི་ཅིན་ཕིང་གིས་གལ་ཏེ་རྒྱ་ནག་གཅིག་གི་སྲིད་ཇུས་དེར་གུས་བརྩི་བྱས་ཚེ་དགག་བྱ་གང་ཡང་ཡོངརྒྱུ་མིན་སྐོར་ལན་འདེབས་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

ཞི་མེན་གཙུག་ལག་སློབ་གཉེར་ཁང་གི་ཐའེ་ཝན་ཞིབ་འཇུག་ལྟེ་གནས་ཁང་གི་སློབ་དཔོན་ཀྲང་ཝེན་ཤཱིང་གིས། ཞི་ཅི་ཕིང་གི་སྐད་ཆ་ལས་རྒྱ་ནག་མི་མང་གི་དམར་ཤོག་ཚོགས་པ་ལ་རྒྱབ་སྐྱོར་བྱེད་མིན་དེ། ཚོགས་པ་དེས་རྒྱ་ནག་གོང་བུ་གཅིག་དེ་སྲུང་སྐྱོབ་བྱེད་ཐུབ་མིན་དང་འབྲེལ་བ་ཡོད་པས། དེ་གལ་ཆེན་བརྩི་ཡི་ཡོད་པ་གསལ་པོ་ཡིན་སྐོར་དང་། དེ་སྔོན་རྒྱ་ནག་གི་ཐའེ་ཝན་ལས་དོན་ཁང་གི་འགན་འཛིན་གྱིས་བྲིས་པའི་རྩོམ་ཡིག་ལས། ཐའེ་ཝན་གྱིས་རང་བཙན་བརྩད་ཚེ། དམག་དྲངས་རྒྱུ་ལས་གཞན་རྒྱ་ནག་ལ་འདེམས་ཀ་མེད་པའི་ཉེན་བརྡ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Comments are closed.