ཐའེ་ཝན་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་ཆེད་ཧོང་ཀོང་གིས་འགན་ཁུར་ཆེ་བ་ལེན་དགོས་ཞེས་བརྗོད།

རྒྱ་ནག་གཞུང་གི་ཆབ་སྲིད་སློབ་སྟོན་པ་(Wang Huning)ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་པར།

རྒྱ་ནག་དམར་ཤོག་གཞུང་གིས་ཐའེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་འཇུག་རྒྱུ་ཡིན་ཚུལ་རྗོད་ཀྱི་ཡོད་པ་བཞིན། བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་ཡོད་པའི་མཐོ་རིམ་འགོ་ཁྲིད་དང་། ཕྱི་རྒྱལ་ལ་ཡོད་པའི་རྒྱ་རིགས་སོགས་ཚང་འཛོམས་ཐོག་ནས་ཐའེ་ཝན་རང་བཙན་རྩོད་མཁན་རྣམས་ལ་ཁ་གཏད་གཅོག་ཐབས་དང་། མ་འོངས་ཐའེ་ཝན་རྒྱ་ནག་དང་ལྷན་དུ་ཞི་བའི་ཐོག་ནས་ཟླ་སྒྲིལ་གཏོང་ཐབས་སྐོར་ཚོགས་འདུ་ཞིག་ཧོང་ཀོང་ནང་འཚོགས་ཡོད་འདུག

ཕྱི་ཚེས་༢༣ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧོང་ཀོང་དེ་ཕྱི་ལོ་༡༩༩༧ ལོར་ཕྱིར་རྒྱ་ནག་གི་མངའ་ཁོངས་སུ་བཅུག་པ་དེ་ཧ་ཅང་གིས་ལོ་རྒྱུས་རང་བཞིན་གྱི་བྱ་བ་གལ་ཆེན་ཞིག་ཡིན་པར་བརྟེན། མ་འོངས་པར་ཐའེ་ཝན་ཡང་རྒྱ་ནག་གི་མངའ་ཁོངས་སུ་འཇུག་ཐབས་དང་། ཐའེ་ཝན་རང་བཙན་འདོད་མཁན་ཚོ་ལ་བཟོད་བསྲན་ཀླད་ཀོར་ཡིན་པ་སོགས་ཀྱི་སྐོར་ལ་ཧོང་ཀོང་ནང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དང་། ཕྱི་རྒྱལ་དུ་ཡོད་མཁན་རྒྱ་རིགས་གནད་ཡོད་མི་སྣ་རྣམས་ཚང་འཛོམས་ཐོག་ཚོགས་འདུ་ཞིག་འཚོགས་ཡོད་འདུག ཚོགས་འདུ་དེའི་ཐོག་རྒྱ་ནག་གཞུང་གི་ཆབ་སྲིད་སློབ་སྟོན་པ་(Wang Huning)ཟེར་བ་དེ་དང་། གཞན་རྒྱ་ནག་གི་གནད་ཡོད་མི་སྣ་མང་པོ་སླེབས་ཡོད་འདུག སྐབས་དེར་ཧོང་ཀོང་གིས་མ་འོངས་པར་ཐའེ་ཝན་ཞི་བའི་ཐོག་ནས་རྒྱ་ནག་གི་མངའ་ཁོངས་སུ་ཟླ་སྒྲིལ་གཏོང་ཐབས་ཆེད་དུ་འགན་ཁུར་ཆེ་བ་ལེན་རྒྱུ་གལ་ཆེན་ཡིན་པར་བརྗོད་ཡོད་འདུག་པ་དང་། ཧོང་ཀོང་ནང་ཚོགས་པའི་ཚོགས་འདུ་དེའི་མིང་ལ་ཕྱི་རྒྱལ་ལ་ཡོད་པའི་རྒྱལ་སྤྱིའི་རྒྱ་རིགས་ཞི་བའི་ཟླ་སྒྲིལ་ཚོགས་འདུ་ཞེས་འབོད་ཀྱི་ཡོད་འདུག ཚོགས་ཐོག་ཏུ་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་དང་། མ་ཁའོ། ཐའེ་ཝན། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་ཚོས་རྒྱ་ནག་གི་མངའ་ཁུལ་ནས་རང་བཙན་འདོད་མཁན་ཚོ་ལ་ཁ་གཏད་ནན་པོ་གཅོག་དགོས་པའི་སྐུལ་མ་བཏང་ཡོད་འདུག

 དེ་བཞིན་(Shi Taifeng)ཟེར་བ་པེ་ཅིན་མཉམ་འབྲེལ་ལས་དོན་ལྷན་ཁང་གི་འགན་འཛིན་གྱིས། འཛམ་གླིང་གང་སར་ཡོད་པའི་རྒྱ་མི་རིགས་ཚོས་རྒྱ་ནག་ལ་བདག་དབང་ཡོད་པའི་མངའ་ཁུལ་ཚོ་ཟླ་སྒྲིལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཚོགས་འདུ་དེ་ལྟ་བུར་ཚོགས་པ་བསྔགས་བརྗོད་དང་སྦྲགས། མ་འོངས་པར་རྒྱ་རིགས་ཚོས་མངའ་ཁུལ་ཟླ་སྒྲིལ་དང་འབྲེལ་བའི་བཟང་ཕྱོགས་ཀྱི་སྒྲུང་སོགས་བཤད་རྒྱུ་གལ་ཆེན་པོ་ཡིན་པ་དང་། རྒྱ་ནག་གི་འགོ་ཁྲིད་ཏིང་ཞའོ་ཕིང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་དེ་བཟོས་ཡོད་པས། ཧོང་ཀོང་ནང་ལམ་ལུགས་དེ་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། མ་འོངས་པར་ཐའེ་ཝན་ལ་ཡང་ལམ་ལུགས་དེ་ལག་བསྟར་བྱེད་རྒྱུ་ཡིན་ཚུལ་དང་། ཏིང་ཞའོ་ཕིང་གི་བསམ་བློའི་ནང་དུ་ཡང་ཐའེ་ཝན་ལ་ལག་བསྟར་བྱེད་རྒྱུའི་བསམ་བློ་ཡོད་ཚུལ་སོགས་བརྗོད་ཡོད་འདུག གཞན་ཡང་ཐའེ་ཝན་ལྟ་བུར་མཚོན་ན་ད་ཆར་རང་བཙན་འདོད་མཁན་ཐའེ་ཝན་དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པ་ཡི་སྲིད་དབང་འོག་ཡོད་ཀྱང་། རྒྱ་ནག་གིས་ཧོང་ཀོང་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་ལག་བསྟར་བྱེད་ས་ཡག་ཤོས་དེ་ཡིན་པ་དང་།  ཧོང་ཀོང་ནང་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་སོགས་གནས་སྟངས་སྔར་ལས་བཟང་དུ་འགྲོ་རྒྱུ་ཡིན་ཚུལ་བརྗོད་ནས་ཐའེ་ཝན་གྱིས་ཧོང་ཀོང་ལ་མིག་དཔེ་ལྟ་དགོས་པར་རྗོད་ཀྱི་ཡོད་འདུག འོན་ཀྱང་། དེང་སང་རྒྱ་ནག་དང་ཐའེ་ཝན་གཉིས་བར་ཕན་ཚུན་ཆབ་སྲིད་དང་ཚོང་འབྲེལ་གྱི་ཐོག་ནས་ཡིད་ཆེས་མེད་པར་འགྱུར་བཞིན་ཡོད་འདུག་ཀྱང་།  ཚོགས་འདུའི་ཐོག་ཐའེ་ཝན་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུ་ནི་རྒྱ་ནག་གི་མ་འོངས་པའི་དམིགས་ཡུལ་ཡིན་པ་དང་། ད་ཆར་རྒྱ་ནག་གི་དཔལ་འབྱོར་དང་དམག་སྟོབས་གཉིས་ཀྱི་ཐོག་ནས་ཐའེ་ཝན་རྒྱ་ནག་དང་ལྷན་དུ་ཞི་བའི་ཐོག་ནས་ཟླ་སྒྲིལ་གཏོང་རྒྱུ་དུས་ཡུན་རིང་པོ་འགོར་གྱི་མ་རེད་ཅེས་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།