ཐའེ་ཝན་རྒྱལ་ཁབ་ཀྱི་ཉིན་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༢༣ ཕྱི་ལོ་ ༢༠༢༠/༡༠/༡༤

ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་ནི་ཕྱི་ལོ་༡༩༡༡ ལོའི་ཟླ་༡༠ ཚེས་༡༠ ཉིན་རྒྱ་ནག་ཝུའུ་ཁྲང་འོས་ལངས་མགོ་བརྩམས་པར་དྲན་གསོ་བྱེད་པའི་ཉིན་མོ་ཞིག་རེད་ལ། འོས་ལངས་འདི་བརྒྱུད་རྒྱ་ནག་ཆིང་རྒྱལ་རབས་མཇུག་བསྒྲིལ་ནས་ཕྱི་ལོ་༡༩༡༢ ལོའི་ཟླ་༡ ཚེས་༡ ཉིན་ཀྲུང་ཧྭ་མིན་གོ་ཞེས་པ་འགོ་བཙུགས། རྒྱ་ནག་གི་ནང་འཁྲུག་ཆེན་མོ་མཇུག་བསྒྲིལ་རྗེས་ཀྲུང་ཧྭ་མིན་གོའི་ཞེས་པའི་རྒྱུན་འཛིན་པར་འབོད་པ་གོ་མིན་ཏང་ཚོགས་པའི་མགོ་ཁྲིད་ཅང་ཅེ་ཧྲིས་སྣེ་ཁྲིད་པའི་རྒྱ་ནག་སྐམ་ས་ཆེན་པོའི་མི་མང་པོ་ཞིག་ཕྱི་ལོ་༡༩༤༩ ལོའི་ཟླ་༡༣ པར་ཐའེ་ཝན་གླིང་ཕྲན་དུ་འབྱོར་ཞིང་། མུ་མཐུད་རྒྱལ་སྟོན་དུས་ཆེན་ནམ་གཙོ་བོ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་འགོ་འཛུགས་ཀྱི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། ཐའེ་ཝན་གླིང་ཕྲན་ལ་མཚོན་ན་དུས་ཆེན་འདི་གལ་གནད་ཆེན་པོ་ག་ཚོད་ཡིན་མིན་བཤད་དཀའ་ནའང་། ཐའེ་ཝན་གླིང་ཕྲན་དུ་གོ་མིན་ཏང་གིས་ཡུན་རིང་དབང་བསྒྱུར་བྱས་པའི་གོམས་གཤིས་ཀྱི་ཐོག་ནས་བཤད་ན་ཐའེ་ཝན་གྱི་རྒྱལ་སྟོན་ཉིན་མོར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

ད་ལྟའི་དུས་འདིར་ཐའེ་ཝན་གྱི་ངོས་ནས་རང་ཚུགས་བཟུང་སྟེ་ཐའེ་ཝན་དང་། སྐམ་ས་ཆེན་མོའི་གནད་དོན་ཐོག་གཅིག་འོག་གཅིག་འདུས་མ་ཡིན་པར་ཕན་ཚུན་འདྲ་མཉམ་ཐོག་རྒྱ་ནག་དང་ཐའེ་ཝན་བར་ཞི་བ་དང་བརྟན་ལྷིང་རྒྱུན་སྐྱོང་ཐུབ་ཆེད། ཕྱོགས་གཉིས་བར་དོན་ཕན་ལྡན་པའི་གྲོས་མོལ་བྱེད་འདོད་ཡོད་ཅིང་། མ་འོངས་པར་འཆམ་མཐུན་གྱི་ཐོག་གནས་རྒྱུའི་འཆར་གཞི་ཡོད་ཅེས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས་རྒྱལ་སྟོན་དུས་ཆེན་ཉིན་ནན་བརྗོད་བྱས་འདུག ད་ལྟའི་དུས་འདིར་རྒྱ་དམར་གཞུང་གིས་འཛམ་གླིང་ཤར་ནུབ་ཀུན་ཏུ་ཧམ་སེམས་ལ་བརྟེན་ནས་སྟོབས་ཤུགས་མངོན་ཐབས་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་གིས་ཐའེ་ཝན་གྱི་གནད་དོན་སོགས་ཀྱི་ཐོག་ནས་འཛམ་གླིང་ཤར་ནུབ་ཀུན་ཏུ་རྒྱ་ནག་གཅིག་གི་གནད་དོན་ཁས་ལེན་དགོས་པའི་དགོས་འདུན་ནན་པོ་འདོན་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་སྟེང་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་ལངས་ཕྱོགས་མཁྲེགས་ནས་མཁྲེགས་སུ་གཏོང་བཞིན་པ་ནི་ཐའེ་ཝན་ལ་གོ་སྐབས་ཤིག་ཏུ་གྱུར་ཡོད།

འདས་པའི་ལོ་རྒྱུས་ནང་ཐའེ་ཝན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ལྔའི་ཁོངས་སུ་ཡོད་མྱོང་ཞིང་། ཨ་རི་སོགས་ཀྱི་རྒྱབ་སྐྱོར་འོག་རྒྱ་དམར་གཞུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བདེ་འཇགས་ཚོགས་མིའི་ཁོངས་སུ་བཅུག་ནས། ཐའེ་ཝན་གོ་གནས་དེ་ནས་རང་བཞིན་གྱིས་ཕྱིར་འཐེན་བྱེད་དགོས་བྱུང་སྐབས་ཐའེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་དཀྱུས་མ་ཞིག་བྱེད་ཆོག་ཆོག་ཡིན་ཡང་། སྐབས་དེར་ཐའེ་ཝན་གྱིས་མ་འོངས་པར་རྒྱ་ནག་ཀྱང་དབང་བསྒྱུར་བྱ་རྒྱུའི་འཆར་གཞི་དེ་བསམ་བློའི་ཕུགས་སུ་བཅུག་ནས་ཁས་ལེན་བྱས་མེད། འོན་ཀྱང་འདས་པའི་ལོ་ཤས་སྔོན་ཐའེ་ཝན་གྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས་རྒྱུའི་རེ་བ་བརྒྱབ་ཀྱང་། རྒྱ་གཞུང་ནི་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ནང་དུ་དབང་ཤུགས་ཆེན་པོ་ཡོད་པས། ཐའེ་ཝན་རྒྱལ་ཚོགས་སུ་ཞུགས་རྒྱུའི་གོ་སྐབས་དེ་ཧ་ལམ་མེད་པ་ལྟ་བུར་གྱུར་ཡོད།

འོན་ཀྱང་ད་ལྟའི་དུས་འདིར་རྒྱལ་སྤྱིའི་ཁྱོན་དུ་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་ཤུགས་ཆེན་པོ་ཞིག་ལག་བསྟར་བྱེད་འགོ་བཙུགས་ཡོད་པས། ཐའེ་ཝན་ལ་མཚོན་ནའང་ད་ལྟའི་སྲིད་བྱུས་ལངས་ཕྱོགས་འདི་ཉིད་དུས་དང་འཚམ་པ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་ཐའེ་ཝན་ལ་མཚོན་ན་དཔལ་འབྱོར་དང་། དམག་དོན་སོགས་གང་ཐད་ནས་དོན་གྱིས་རང་བཙན་རྒྱལ་ཁབ་ཅིག་གི་གནས་བབས་གསལ་པོ་ཡོད་ལ། ད་ལྟའི་ཆར་གནས་བབས་འདི་མུ་མཐུད་སྲུང་སྐྱོབ་ཐུབ་ཐབས་སུ་ཤུགས་སྣོན་རྒྱག་རྒྱུ་ལས། བོད་དང་། ཤར་ཏུར་ཀི་སི་ཐན་ལྟ་བུ་རང་བཙན་རྩོད་ལེན་བྱེད་དགོས་པའི་ལས་འགན་མེད་པས་ཧ་ཅང་སླ། ད་ལྟ་རྒྱལ་སྤྱིའི་ཁོར་ཡུག་གི་གནས་སྟངས་ལ་གཞིགས་ནས་བལྟས་ན་ཐའེ་ཝན་རང་བཙན་གྱི་ངོ་བོར་གནས་ཐུབ་པ་དང་མ་ཟད། བོད་དང་། ཤར་ཏུར་ཀི་སི་ཐན་ལྟ་བུ་ལའང་རྒྱ་ནག་དང་ཁ་འབྲལ་རྒྱུའི་གོ་སྐབས་མེད་པ་ཞིག་གཏན་ནས་མིན་པར་བརྟེན། ད་ལྟ་རྒྱལ་སྤྱིའི་འཁོར་ཕྱོགས་ཀྱི་ཐོག་ནས་གནད་དོན་འདི་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

མདོར་ན་ད་ལྟ་ཐའེ་ཝན་ལ་རྒྱ་ནག་གིས་བསྟུན་ཐབས་བྱེད་བཞིན་པ་ནི། གཙོ་བོ་ཐའེ་ཝན་གྱི་ལངས་ཕྱོགས་བརྟན་པོ་བཟུང་བའི་རྒྱུ་མཚན་གྱིས་རེད། བོད་དོན་ཐོག་ད་ལྟའི་ཆར་རྒྱ་གཞུང་གིས་ཞི་མོལ་བྱ་རྒྱུའི་འདོད་ཚུལ་གཏན་ནས་མ་བཟུང་བ་དང་། བོད་དོན་དེ་ད་ལྟ་རྒྱ་ནག་གི་ཁུར་པོ་ལྗིད་ཁོག་ཅན་ཞིག་ཏུ་གྱུར་མེད་པ་ནི། བོད་དོན་ཐོག་རྒྱ་གཞུང་ལ་བསྟུན་ཐབས་མང་པོ་བྱས་པའི་རྒྱུ་མཚན་གྱིས་ཡིན་པ་དང་། བོད་རང་བཙན་སླར་གསོ་བྱ་རྒྱུའི་སྲིད་བྱུས་ལངས་ཕྱོགས་བཟུང་བའི་སྐབས་རྒྱ་གཞུང་གིས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་རིམ་པ་མང་པོ་བྱས་ཡོད་ལ། སྐབས་དེའི་སྐུ་ཚབ་རྣམས་རྒྱ་གཞུང་གི་དཔོན་རིགས་མཐོ་གྲས་རྣམས་ཐུག་འཕྲད་བྱུང་ཡོད། རྒྱ་གཞུང་གི་འོག་ཏུ་སྡོད་རྒྱུའི་ཡིན་པ་ཕྱི་གསལ་ནང་གསལ་ཟིན་རྗེས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་བྱེད་མཁན་ཙམ་ལས་ཐུག་ཐུབ་མེད་པ་མ་ཟད། རྗེས་སུ་དེ་དག་དང་ཡང་ཐུག་མི་ཐུབ་པར་གྱུར་ཡོད་པ་ནི་བོད་དོན་གྱི་ཐོག་ནས་བསྟུན་མཁས་མང་དྲགས་པ་ལ་བརྟེན་ནས་བྱུང་བ་རེད།།