ཐའེ་ཝན་ལ་སེམས་འགུལ་ཐེབས་པའི་བོད་ཀྱི་དགེ་འདུན་པའི་བསྔོ་སྨོན།
ཟླ་འདིའི་ཚེས་༢༨ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་མངའ་ཁུལ་དུ་བུད་མེད་ཅིག་གིས་རང་གི་ཕྲུ་གུ་ཁྲིད་ནས་ལམ་འགྲམ་དུ་འགྲོ་བཞིན་པའི་སྐབས། སྐྱེས་པ་ཞིག་གིས་ཕྲུ་གུ་ཨ་མའི་ལག་ནས་ཕྲོགས་ཏེ་ཚལ་གྲིས་སྣུན་ནས་བསད་ཡོད་པས། ཐའེ་ཝན་དུ་གནས་སྡོད་བོད་བརྒྱུད་རིས་མེད་དགེ་འདུན་པ་སུམ་ཅུ་ཙམ་ཞིག་ཡུལ་ངོས་རང་དུ་ཆེད་ཕེབས་ཀྱིས་བསྔོ་སྨོན་གསུངས་ཡོད་པ་རེད།
དེ་ཡང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་མངའ་ཁུལ་དུ་གཏོགས་པའི་ནེའི་ཧུའུ་(內湖)ཞེས་པའི་ས་ཁུལ་གྱི་ས་འོག་མེ་འཁོར་གྱི་འབབ་ཚུགས་ཤིག་ནས་བུད་མེད་ཅིག་གིས་རང་གི་ཕྲུ་གུ་བུ་མོ་ལོ་བཞི་ཅན་ཞིག་ཁྲིད་ནས་ཕྱིར་ལམ་འགྲམ་དུ་སླེབས་པའི་སྐབས། སྐྱེས་པ་ལོ་ན་སུམ་ཅུ་ལྷག་ཡིན་པའི་ངོ་མི་ཤེས་པ་ཞིག་གིས་ཨ་མའི་ལག་ནས་ཕྲུ་གུ་ཕྲོགས་ཏེ་ཚལ་གྲིས་སྣུན་པར་མ་ཟད། བུ་མོ་ཆུང་ཆུང་གི་མགོ་དང་ལུས་པོ་སོ་སོར་ཕྲལ་ནས་ས་གནས་དེར་བསད་ཡོད་པ་རེད།
འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་དེས་ཐའེ་ཝན་རྒྱལ་ཡོངས་ལ་ཁོང་ཁྲོ་དང་སྐྱོ་སྣང་ཆེན་པོ་བསླངས་པ་དང་། གསོད་མཁན་ལག་དམར་གྱི་ཐོག་ཏུ་མི་མང་ཁོང་ཁྲོ་ཆེན་པོ་བྱེད་པ་དང་། ཕྲུ་གུ་ཆུང་ཆུང་དེར་གདུང་སེམས་མཉམ་བསྐྱེད་བྱེད་མཁན་མང་པོ་ཐོན་ཞིང་། ཐའེ་ཝན་ཧྲིལ་པོའི་ཐུན་མོང་གི་སེམས་སྡུག་ཆེན་ཤོས་ལྟ་བུ་ཞིག་ཏུ་ཆགས་ཡོད་འདུག
ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག ཐའེ་པེ་རུ་འཚོགས་བཞིན་པའི་ཐའེ་ཝན་བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་དྲུག་པ་༼ཕྱོགས་ཡོངས་ཀྱི་དགོངས་འཆར་བསྡུ་ལེན༽ཞེས་པའི་བགྲོ་གླེང་ཚོགས་འདུ་མཇུག་གྲུབ་པ་དང་། ཞིབ་འཇུག་ཚོགས་པས་སྣེ་ཁྲིད་དེ་བོད་བརྒྱུད་རིས་མེད་དགེ་འདུན་པ་སུམ་ཅུ་ཙམ་ཞིག་ཡུལ་ངོས་རང་དུ་བསྔོ་སྨོན་གསུངས་སར་ཆེད་ཕེབས་གནང་བར་ཐའེ་ཝན་གྱི་བརྒྱུད་ལམ་ཆེན་པོ་ཁག་དང་མི་སྒེར་གཉིས་ཀས་སེམས་འགུལ་ཆེན་པོས་བསྟོད་བསྔགས་ཞུས་པ་དང་། དེ་ཡང་ཐའེ་ཝན་གྱི་ཚགས་པར་ཆེ་ཤོས་ཨང་དང་པོ་ཀུ་ཤུ་ཉིན་རེའི་ཚགས་པར་(蘋果日報)གྱི་དྲ་ངོས་སུ་གནས་ཚུལ་སླེབས་ཡོད་པ་རེད།
འབྲེལ་ཡོད་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཐའེ་ཝན་ནི་ཆ་རྐྱེན་བཟང་ཞིང་། མིའི་སྤུས་ཀ་ལེགས་པོ་ཡོད་ན་ཡང་། ཕྱོགས་གཅིག་ནས་རང་བྱུང་གི་གནོད་འཚེ་དང་མིས་བཟོས་དོན་རྐྱེན་མང་པོ་འབྱུང་ཡུལ་ཞིག་ཡིན་པ་དང་། ཐའེ་ཝན་དུ་ནང་པའི་ཆོས་ལུགས་ཁྱབ་ཆེན་པོ་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཀྱང་མི་ཉུང་བ་ཞིག་ཡོད་པས། ཐའེ་ཝན་དུ་ཡོད་པའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་རྟག་པར་ས་ཆ་དེར་རང་བྱུང་དང་མིས་བཟོས་ཀྱི་གོད་ཆག་གང་བྱུང་ཡང་། མ་བསྐུལ་དང་བླངས་ཀྱིས་འཛོམས་ཏེ་གསོལ་འདེབས་སྨོན་ལམ་བྱེད་པ་དང་། ཆེ་ཆུང་ལ་མ་ལྟོས་པར་དངོས་པོའི་རོགས་སྐྱོར་དང་འཚམས་འདྲི་སོགས་དུས་ཐོག་གནང་བཞིན་ཡོད་ལ། གསར་འགྱུར་བརྒྱུད་ལམ་དང་མི་མང་གིས་བསྔགས་བརྗོད་ཀྱང་ཐེངས་མང་ཐོབ་ཡོད་པ་རེད།
བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་རྣམས་དང་མི་མང་མཉམ་ཞུགས་ཀྱིས་མྱ་ངན་བསྔོ་སྨོན་གསུངས་པའི་གནས་ཚུ་བརྒྱུད་ལམ་དུ་སླེབས་པ་དང་། དྲ་མཆན་འགོད་མཁན་ཞིག་གིས་གསར་འགྱུར་དེའི་འོག་ཏུ། ཧ་ཅང་སེམས་འགུལ་ཐེབས་བྱུང་། ཐའེ་ཝན་གྱི་ཞིབ་འཇུག་ཚོགས་པའི་མཁན་སྤྲུལ་དགེ་བཤེས་འདི་དག་འདི་ལྟར་ཐའེ་ཝན་གྱི་སྤྱི་ཚོགས་ཀྱི་གཏིང་རིམ་དུ་ཞུགས་ཏེ། ཐའེ་ཝན་མི་མང་ལ་བརྩེ་བ་བཅངས་ཤིང་འདུག
ནམ་རྒྱུན་རྟག་པར་གང་དུ་གནོད་འཚེ་ཕོག་པ་དང་། གང་དུ་སྡུག་བསྔལ་ཡོད་པ་དེར་ངས་འདི་ལྟར་གུས་པར་འོས་པའི་ནབ་གཟན་དམར་པོ་ཅན་གྱི་དགེ་འདུན་པ་ཁྱེད་ཅག་གི་ཐུགས་བརྩེ་དང་བསྔོ་སྨོན། འབད་བརྩོན་དང་བློས་བཏོང་བཅས་མཇལ་བྱུང་། ཐའེ་ཝན་གྱི་བུ་བུ་མོ་དག་གིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། རྗེས་སུ་ཡི་རངས་ཡོད། ཅེས་དང་།
ཡང་དྲྭ་འབངས་གཞན་ཞིག་གིས། རང་ཉིད་ཡེ་ཤུའི་ཆོས་ལུགས་རྙིང་པའི་རྗེས་འཇུག་པ་ཞིག་གིས་དགེ་འདུན་པ་འདི་དག་མཐོང་བ་དང་མིག་ལ་ཧ་ཅང་བདེ་བ་བྱུང་བ་དེ་ག་རེ་ཡིན་ནམ། དེ་ལས་ལྡོག་སྟེ། ཚུལ་འཆོས་ཆེ་ཞིང་། སེམས་རྒྱ་དོག་པའི་དམ་བཅའ་ལས་འགལ་བ་བྱེད་མཁན་གྱི་ཐའེ་ཝན་གྱི་ཡེ་ཤུ་བ་དེ་ཚོ་མིག་ལ་འཛེར་བ་ཞིག་རེད། ཅེས་བྲིས་ཡོད།
ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་ཐའེ་ཝན་གཙོ་བོར་གྱུར་པའི་རྒྱ་རིགས་ཀྱི་སྤྱི་ཚོགས་སུ་བོད་བརྒྱུད་ནང་བསྟན་ལ་ཡང་དག་པའི་ངོས་ཟིན་ཐོབ་ཏུ་འཇུག་རྒྱུ་དང་། ནང་བསྟན་དང་སྤྱི་ཚོགས་ཀྱི་བཟང་ཕྱོགས་ཀྱི་འབྲེལ་བ་དམ་དུ་བཏང་སྟེ་དེ་ལས་མང་པའི་སྤྱི་ཚོགས་ཀྱི་མི་སྣས་ནང་ཆོས་ལ་ངེས་ཤེས་དང་ཡིད་ཆེས་རྙེད་པ་བྱ་རྒྱུ་དེ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།