ཐའེ་ཝན་སྒྱུ་རྩལ་བ་ཞིག་གིས་གནམ་སྡེ་སྒོ་མོའི་མང་གཙོའི་ལས་འགུལ་དྲན་གསོ་བྱས་འདུག
འདི་ལོའི་ཟླ་༦ པའི་ཚེས་༤ ཉིན་ནི་ཕྱི་ལོ་༡༩༨༩ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོའི་ཐང་ཆེན་དུ། སློབ་མ་ཚོའི་འགོ་ཁྲིད་པའི་མང་གཙོའི་ལས་འགུལ་ཆེན་མོར་དྲག་གནོན་བྱས་ནས་མི་ལོ་༣༠ འཁོར་གྱི་ཡོད་པ་དང་བསྟུན། རྒྱལ་སྤྱིའི་ནང་ཉིན་མོ་དེ་དྲན་གསོ་ཆེད་དུ་ལས་འགུལ་ཁག་ཅིག་སྤེལ་འགོ་བཙུགས་ཟིན་པ་ལྟར། ཐའེ་ཝན་ནང་གི་སྒྱུ་རྩལ་བ་ཞིག་གིས། སྐབས་དེའི་སེམས་ཚོར་དང་མཚོན་དོན་ཆེ་ཤོས་སུ་གྱུར་བའི་ཐང་ག་རིའི་མི་(Tank Man)ཡི་པར་དེ་ལྒང་ཕུག་གི་གཟུགས་བཀོད་དུ་བཟོས་ནས་འགྲེམས་སྟོན་བྱས་འདུག
ཟླ་༥ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་གསར་ཁང་རེའུ་ཊར་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ཅང་ཅེ་ཧྲེའི་དྲན་རྟེན་ཚོགས་ཁང་གི་མདུན་དུ། སྒྱུ་རྩལ་བ་ཤཱེག་གིས་གནམ་སྡེ་སྒོ་མོའི་མང་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་དམག་གིས་དྲག་གནོན་བྱས་པའི་རྗེས་སུ། མི་གཅིག་གིས་ཐང་ག་རིའི་ལམ་བཀག་ནས་ངོ་རྒོལ་བྱས་ཡོད་པའི་པར་དེ་ལྒང་ཕུག་གི་གཟུགས་བཀོད་དུ་བཟོས་ནས་འགྲེམས་སྟོན་བྱས་འདུག་པ་དང་། གཟུགས་བཀོད་དེ་དང་མཉམ་དུ་མི་མང་པོ་ཞིག་གིས་པར་རྒྱག་བཞིན་ཡོད་ཁར། ཅང་ཅེ་ཧྲེའི་དྲན་རྟེན་ཚོགས་ཁང་དེ་ནི་ཐའེ་ཝན་གྱི་ལོ་རྒྱུས་ཀྱི་གནས་སྐད་གྲགས་ཆེ་ཤོས་གྲས་ཤིག་ཡིན་འདུག་པས། དེར་རྒྱ་ནག་སྐམ་ས་ཆེན་མོ་ནས་ཀྱང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་རྒྱུན་དུ་ནས་ཡོང་གི་ཡོད་འདུག
དེ་ཡང་གནམ་སྡེ་སྒོ་མོའི་མང་གཙོའི་ལས་འགུལ་བ་རྣམས་ལ་དྲག་གནོན་བྱས་པའི་ཕྱི་ཉིན་ཏེ་ཟླ་༦ པའི་ཚེས་༥ ཉིན་གྱི་ཞོགས་པར། སྟོད་ཐུང་དཀར་པོ་དང་གོས་ཐུང་ནག་པོ་གྱོན་པའི་མི་ཞིག་གིས། གནམ་སྡེ་སྒོ་མོར་རྒྱ་ནག་གཞུང་དམག་གི་ཐང་ག་རིའི་ལམ་བཀག་ནས་ངོ་རྒོལ་བྱས་ཡོད་པའི་པར་དེ། སྐབས་དེའི་ལས་འགུལ་གྱི་མཚོན་དོན་དང་སེམས་ཚོར་ཆེ་ཤོས་ཀྱི་པར་ཞིག་ཆགས་ཡོད་པ་དང་། དུས་ད་ལྟ་ཡང་མི་དེ་སུ་ཡིན་མིན་དང་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཤེས་ཀྱི་མེད་པ་རེད།
སྒྱུ་རྩལ་བ་ཤཱེ་གིས་མོ་རང་ཉིད་ཐའེ་ཝན་མི་སེར་ཞིག་ཡིན་པའི་ཆ་ནས། ཉིན་ཞིག་རྒྱ་ནག་ཀྱང་མང་གཙོ་ཆགས་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། ཐའེ་ཝན་མི་མང་གིས་གནམ་སྡེ་སྒོ་མོའི་མང་གཙོའི་ལས་འགུལ་དང་དེའི་ཐོག་གི་དྲག་གནོན་དྲན་པ་མི་བརྗེད་པའི་ཆེད་དུ། གནད་དོན་དེའི་ཐོག་མུ་མཐུད་གྲོས་སྡུར་བྱེད་རྒྱུ་ཡིན་པ་རེད། ཐའེ་ཝན་མི་མང་ལ་རྒྱ་ནག་གཞུང་ནི་གདུག་རྩུབ་ཅན་ཞིག་ཡིན་པ་དྲན་གསོ་བྱེད་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཅན་གྱི་གཞུང་གིས་སྐབས་དེའི་གནས་ཚུལ་རྣམས་ཞིབ་བཤེར་དམ་དྲག་ཆེན་པོ་བྱས་ཡོད་ནའང་། ཧོང་ཀོང་དང་ཐའེ་ཝན་ནང་ཉིན་མོ་དེ་དྲན་གསོ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
ཕྱི་ལོ་༡༩༨༩ ལོའི་ཟླ་༦ པའི་ཚེས་༤ ཉིན་རྒྱ་ནག་གཞུང་གིས་མང་གཙོའི་ལས་འགུལ་བ་རྣམས་ལ་དྲག་གནོན་བྱས་པའི་གནས་ཚུལ་དེ་རྒྱ་ནག་ནང་གི་གསར་འགྱུར་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཞིབ་བཤེར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་ཁར། ད་བར་རྒྱ་ནག་གཞུང་གིས་སྐབས་དེར་ལས་འགུལ་བ་ག་ཚོད་དམར་གསོད་བཏང་ཡོད་པའི་གྲངས་ཐོ་གསལ་བསྒྲགས་བྱེད་མྱོང་མེད་པ་རེད།
ཐང་ག་རིའི་མིའི་འགྲེམས་སྟོན་དེར་ཡོང་མཁན་རང་ལོ་༢༡ ཡིན་པའི་སློབ་མ་ཞིག་གིས། འགྲེམས་སྟོན་དེ་བྱེད་ཡུལ་དང་དུས་ཚོད་འདི་འདྲ་ཞིག་ལ་བྱེད་པར་སྙིང་སྟོབས་ཆེན་པོ་དགོས་ཀྱི་ཡོད་པ་དང་། དེ་གར་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་སླེབས་ཀྱི་ཡོད་པས། སྒྱུ་རྩལ་གྱི་འགྲེམས་སྟོན་དེ་ནི་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་བསྒྲགས་གཏམ་ཞིག་ཆགས་ཀྱི་ཡོད་པ། དེ་བཞིན་མཚན་ལ་མི་ཞིག་གིས་ལྒང་ཕུག་གི་འགྲེམས་སྟོན་དེར་ཁབ་ཀྱིས་བཏོལ་སྲིད་པའི་སེམས་ཁྲལ་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།