ཐའེ་ཝན་སྲིད་འཛིན་གྱི་འཚམས་གཟིགས་ཐོག་མ་ཕེབས་བཞིན་འདུག

ཐའེ་ཝན་གྱི་སྲིད་འཛིན་གསར་པས་དམ་འབུལ་ཞུས་རྗེས་ཁོང་ཨ་རི་བརྒྱུད་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གནའ་མཐུན་གླིང་ཕྲན་རྒྱལ་ཁབ་ཁག་གི་ནང་འཚམས་གཟིགས་ཐོག་མ་ཕེབས་བཞིན་ཡོད་པ་དང་། ཨ་རིར་འབྱོར་བའི་སྐབས་སུ་ཁོང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་། ལྷག་པར་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ནན་སི་པེ་ལོ་སི་ལ་ཁ་པར་བརྒྱུད་བཀའ་མོལ་གནང་བར་རྒྱ་ནག་ཁོང་ཁྲོ་ལངས་ནས་ཁོང་གི་འཚམས་གཟིགས་ལ་སྐྱོན་བརྗོད་བྱས་ཡོད་འདུག

པར། Firstpost

ཐའེ་ཝན་གྱི་སྲིད་འཛིན་གསར་པས་ལོ་འདིའི་ཕྱི་ཟླ་༥ པའི་ནང་སྲིད་འཛིན་གྱི་དམ་འབུལ་ཞུས་རྗེས། ཁོང་ཨ་རི་བརྒྱུད་ནས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གནའ་མཐུན་རྒྱལ་ཁབ་ཁག་གི་ནང་དུ་འཚམས་གཟིགས་ཐོག་མ་དེ་ཕེབས་བཞིན་ཡོད་པ་དང་། ཁོང་ཉིད་ཨ་རིའི་མངའ་སྡེ་(Hawaii) ཞེས་པའི་ནང་ཉིན་གཉིས་བཞུགས་པའི་རིང་། ཨ་རིའི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཐུག་འཕྲད་བྱས་ཡོད་པ་མ་ཟད། ཟླ་འདིའི་ཚེས་༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ནན་སི་པེ་ལོ་སི་དང་ལྷན་ཁ་པར་བརྒྱུད་ནས་རྒྱ་དམག་གིས་ཐའེ་ཝན་ལ་འཇིགས་སྐུལ་བྱེད་བཞིན་པའི་གནད་དོན་ཐོག་དུས་ཡུན་སྐར་མ་༢༠ རིང་བཀའ་མོལ་གནང་ཡོད་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ནན་སི་པེ་ལོ་སི་ནི་ཐའེ་ཝན་ལ་དེ་སྔོན་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཆགས་ཡོད་པ་དང་། ཕྱི་ལོ་༢༠༢༢ ལོར་ཁོང་ཐའེ་ཝན་ལ་ཕེབས། སྐབས་དེར་རྒྱ་གཞུང་ཁོང་ཁྲོ་ལངས་ཏེ་ཐའེ་ཝན་གྱི་མཐའ་འཁོར་དུ་གཞི་རྒྱ་ཆེ་བའི་དམག་སྦྱོང་ཐེངས་འགའ་སྤེལ་ཡོད་འདུག

རྒྱ་གཞུང་གིས་ཐའེ་ཝན་གྱི་སྲིད་འཛིན་གྱི་འཚམས་གཟིགས་ལ་དེ་སྔ་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ལྟར། ཨ་རིིའི་གཞུང་འབྲེལ་མི་སྣ་ཚོས་ཐའེ་ཝན་གྱི་སྲིད་འཛིན་ལ་ཐུག་འཕྲད་བྱས་པ་དང་། ལྷག་པར་དུ་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ནན་སི་པེ་ལོ་སི་ཡིས་ཐའེ་ཝན་གྱི་སྲིད་འཛིན་ལ་བཀའ་མོལ་གནང་བར་ཁོང་ཁྲོ་ལངས་ཏེ། ཨ་རིས་ཐའེ་ཝན་གྱི་གནད་དོན་ལ་ཐེ་གཏུགས་བྱེད་མཚམས་འཇོག་དགོས་པ་དང་། ཐའེ་ཝན་རང་བཙན་གྱི་ཁ་ཕྲལ་བ་ལ་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་དགོས་ཞེས་སྐྱོན་བརྗོད་བྱས་འདུག
ཟླ་འདིའི་ཚེས་༣ ཉིན་ཐའེ་ཝན་གྱི་སྲིད་འཛིན་མར་ཤལ་(Marshall) ཞེས་པའི་རྒྱལ་ཁབ་ཏུ་འབྱོར་ཡོད་པ་དང་། མུ་མཐུད་ཐའེ་ཝན་གྱི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཊུ་ཝ་ལ་(Tuvalu) དང་ཕ་ལེའུ་པུའུ་(Palau) ཏུ་འཚམས་འདྲི་བྱས་རྗེས། ཨ་རིའི་ས་ཁུལ་གྷུ་ཨམ་(Guam) ཞེས་པར་ཞག་གཅིག་བསྡད་ནས་ཐའེ་ཝན་དུ་ལོག་འཆར་ཡོད་འདུག རྒྱལ་ཁབ་དེ་དག་གི་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། དེ་སྔ་རྒྱལ་ཁབ་ཁག་ཅིག་རྒྱ་ནག་གི་ཤུགས་རྐྱེན་ལ་བརྟེན་ནས་ཐའེ་ཝན་དང་འབྲེལ་ལམ་བཅད་ནས་རྒྱ་ནག་དང་འབྲེལ་ལམ་གསར་པ་བཙུགས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།