ཐའེ་ཝན་སྲིད་འཛིན་གྱིས་སྐུ་ཞབས་ཊོམ་ལ་ཁ་པར་བཏང་ནས་རྒྱ་ནག་ལ་ཕོག་ཐུག

ཨ་རིའི་སྲིད་འཛིན་འདེམས་ཐོན་པ་སྐུ་ཞབས་ཌོ་ནལ་ཊོམ་གྱིས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་དང་ཐད་དཀར་ཁ་པར་བརྒྱུད་སྐད་ཆ་བཤད་འདུག་པ་དང་། རྒྱ་ནག་གིས་ཐའེ་ཝན་གྱི་བྱེད་སྟངས་དེས་གྲུབ་འབྲས་ཐོན་རྒྱུ་མིན་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག

15300529_1336590649698134_1167197916_nདེ་ཡང་ཟླ་འདིའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢ ཉིན་སྐུ་ཞབས་ཊོམ་དང་ལྕམ་ཡེ་དབྱིང་ཝེན་གཉིས་ཐད་དཀར་ཁ་པར་བརྒྱུད་སྐད་ཆ་བཤད་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་ནས། གླེང་སློང་མང་པོ་ཞིག་འབྱུང་བཞིན་ཡོད་པ་རེད། དེ་ཡང་ཕྱི་ལོ་༡༩༧༩ ལོར་ཨ་རི་དང་རྒྱ་ནག་གཉིས་ཐོག་མར་འབྲེལ་ལམ་འཇོག་སྐབས། ཨ་རིས་རྒྱ་ནག་གི་གོང་བུ་གཅིག་འགྱུར་གྱི་སྲིད་ཇུས་ལ་མོས་མཐུན་དང་གུས་བརྩི་བྱེད་པར་ཁས་ལེན་བྱས་ཏེ། ཐའེ་ཝན་དང་ཨ་རི་གཉིས་བར་གྱི་གཞུང་གི་འབྲེལ་ལམ་བཅད་ཡོད་འདུག དེ་རྗེས་ཨ་རིའི་སྲིད་འཛིན་འདེམས་ཐོན་ནམ་སྲིད་འཛིན་ལས་ཐོག་དང་ཐའེ་ཝན་གྱི་སྲིད་འཛིན་བར་ཐད་དཀར་སྐད་ཆ་བཤད་པའི་གནས་ཚུལ་ཐོན་པ་ཐེངས་དང་པོ་ཡིན་ནའང་། ཨ་རིས་ཐའེ་ཝན་དང་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་འབྲེལ་ལམ་ཉར་གྱི་ཡོད་པ་རེད།

དེ་ཡང་སྐུ་ཞབས་ཊོམ་གྱིས་སྲིད་འཛིན་ལྕམ་ཡེ་དབྱིང་ཝེན་གྱིས་ཁོང་ལ་ཁ་པར་བཏང་ནས། སྲིད་འཛིན་འོས་ཐོབ་ལ་དགའ་བསུ་ཞུས་སོང་བས། ཁོང་གིས་ཀྱང་མོར་ལོ་འདིར་སྲིད་འཛིན་འོས་ཐོབ་བྱུང་བར་དགའ་བསུ་བྱས་སྐོར་གསུངས་ཡོད་འདུག ལྕམ་ཚེ་དབྱིང་ཝེན་གྱི་མགྲིན་ཚབ་པས་བསྒྲགས་གཏམ་སྤེལ་བའི་ནང་། སྲིད་འཛིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་བར་ལ་དཔལ་འབྱོར་དང་དམག་དོན་སོགས་ཀྱི་མཉམ་ལས་ཐོག་ལ་ཡར་རྒྱས་གཏོང་རྒྱུ་དང་། བདེ་འཇགས་ལ་རྒྱབ་སྐྱོར་བྱེད་རྒྱུ་སོགས་ཀྱི་ཐོག་ལ་མཉམ་ལས་བྱ་རྒྱུའི་སྐོར་ལ་སྐད་ཆ་བྱུང་སྐོར་གསུངས་འདུག

སྐབས་དེར་ཨ་རིའི་གྲོས་ཚོགས་མི་སྣ་སོགས་མང་པོ་ཞིག་གིས་བྱེད་སྟངས་དེས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་གནོད་རྒྱུ་ཡིན་པ་དང་དམག་དྲངས་སྲིད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག་པས། སྐུ་ཞབས་ཊོམ་གྱིས་ཨ་རིས་ཐའེ་ཝན་ལ་དམག་གི་ཡོ་ཆས་ཨ་སྒོར་ཐེར་འབུམ་མང་པོ་འཚོང་གི་ཡོད་པ་དང་། ཁོང་གིས་ཕྱོགས་དེ་ལས་དགའ་བསུའི་ཁ་པར་ལེན་ཆོག་གི་ཡོད་མ་རེད་ཟེར་བ་དེ་ཡ་མཚན་པོ་ཡིན་སྐོར་གྱི་ལན་འདེབས་བྱས་ཡོད་འདུག

ཨོ་བྷ་མའི་གཞུང་འཛིན་ཕོ་བྲང་དཀར་པོ་ལས། གནས་ཚུལ་དེ་ལ་ཨ་རིས་ཐའེ་ཝན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་སོང་བའི་བརྡ་མིན་སྐོར་དང་། རྒྱ་ནག་གི་གོང་བུ་གཅིག་འགྱུར་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་མ་ཟད། མཚོ་འགག་གཉིས་བར་ཞི་བདེ་ལྷིང་འཇགས་ཀྱི་འབྲེལ་ལམ་ཡོང་རྒྱུ་དེ་ནི་ཨ་རིའི་དམིགས་ཡུལ་ཡིན་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་པ་དང་། སྐུ་ཞབས་ཊོམ་གྱི་མགྲིན་ཚབ་པས་ཁོང་ལ་ཨ་རིའི་སྲིད་ཇུས་ཐོག་ལ་གོ་རྟོགས་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཚེས་༣ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཝང་ཡཱི་ཡིས། གནས་ཚུལ་དེ་ནི་ཐའེ་ཝན་གྱི་བསམ་མེད་ཀྱི་བྱེད་ལས་ཤིག་ཡིན་པ་དང་། དེ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་གོང་བུ་གཅིག་འགྱུར་གྱི་དངོས་ཡོད་གནས་སྟངས་ལ་འགྱུར་བ་ནམ་ཡང་གཏོང་མི་ཐུབ་པ། དེ་བཞིན་དེ་ལས་ཨ་རིའི་རྒྱ་ནག་གོང་བུ་གཅིག་འགྱུར་གྱི་སྲིད་ཇུས་ལ་གྱུར་བ་འགྲོ་རྒྱུ་མིན་པར་བསམ་གྱི་ཡོད་པ། དེ་བཞིན་སྲིད་ཇུས་དེ་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལ་མེད་དུ་མི་རུང་བ་ཡིན་པས། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ཆབ་སྲིད་འབྲེལ་ལམ་གྱི་རྨང་གཞི་ལ་ཤུགས་རྐྱེན་ནམ་གཏོར་སྐྱོན་གཏོང་འདོད་མེད་སྐོར་བརྗོད་ཡོད་འདུག

རྒྱ་ནག་གིས་ཐའེ་ཝན་དེ་ནི་རང་ཉིད་ཀྱི་མངའ་ཁོངས་ཡིན་པར་བརྗོད་ནས། རྒྱལ་སྤྱིའི་ནང་རྒྱལ་ཁབ་གཞན་གྱིས་ཐའེ་ཝན་དང་འབྲེལ་ལམ་བྱེད་བཅུག་གི་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།