ཐེ་ཝན་གྱི་སྲིད་འཛིན་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་བར་མཇའ་འཕྲད་གནང་རྒྱུ་རེད་འདུག
ཟླ་འདིའི་ཚེས་༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཀེ་ཝིན་མེག་ཀར་ཐེ་(Kevin McCarthy) དང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝན་བར་མཇའ་འཕྲད་གནང་རྒྱུ་རེད་འདུག
ཟླ་འདིའི་ཚེས་༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སང་ཉིན་རེས་གཟའ་ལྷག་པའི་ཉིན་(Ronald Reagan) སྲེིད་འཛིན་དཔེ་མཛོད་ཁང་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཀེ་ཝིན་མེག་ཀར་ཐེ་དང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝན་བར་མཇལ་འཕྲད་གནང་རྒྱུ་རེད་འདུག་ལ། དཔེ་མཛོན་ཁང་དེ་ནི་ཨ་རིའི་མངའ་སྡེ་ལོ་སི་ཨན་ཇི་ལེ་སིའི( Los Angeles) ཕྱི་རོལ་དུ་ཡོད་འདུག

རྒྱ་ནག་གཞུང་གིས་དུས་རྒྱུན་དུ་ཐེ་ཝན་ནི་རྒྱ་ནག་གི་ས་ཁུལ་ཞིག་ཡིན་པ་དང་། ཨ་རིའི་འགོ་ཁྲིད་ཚོ་དང་ཐེ་ཝན་གྱི་སྲིད་འཛིན་བར་ཐུག་འཕྲད་བྱེད་རྒྱུ་ལ་བཀག་འགོག་བྱེད་ཀྱི་ཡོད་པར་ལྟར། རྒྱ་ནག་གཞུང་གིས་ཨ་རི་ཡིས་རྒྱ་ནག་མི་མང་ཐེ་འབུམ་༡.༤ ཡི་སེམས་ལ་རྨ་ཁ་བཟོ་བཞིན་ཡོད་པ་འདས་པའི་ནོར་འཁྲུལ་སླར་ཡང་བཟོ་ཡི་ཡོད་པ། ཨ་རི་ཡིས་ཨ་རྒྱ་བར་གྱི་འབྲེལ་བ་ལ་དོ་ཕོག་གཏོང་གི་ཡོད་རབས་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་ཀྱང་། ཨ་རི་གཞུང་གིས་རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་ལ་འགྱུར་བ་མེད་རབས་བརྗོད་ཡོད་འདུག
ཐེ་ཝན་སྲིད་འཛིན་གྱི་མགྲིན་ཚབ་པ་(Xavier Chang) ཡིས་ཐེ་ཝན་གྱིས་དམངས་གཙོ་རྒྱལ་ཁབ་གཞན་དང་འབྲེལ་མོལ་བྱེད་མིན་དེ་ཐེ་ཝན་མི་མང་ས་ཡ་༢༣ ཡི་ཐོབ་ཐང་ཡིན་པ་དང་། རྒྱ་ནག་གཞུང་ལ་གནད་དོན་དེའི་ཐོག་ཐེ་གཏུགས་བྱེད་པའི་གོ་གནས་དང་དབང་ཆ་མེད་ཅེས་བརྗོད་ཡོད་འདུག
ཕྱི་ལོ་༢༠༡༩ ནས་བཟུང་ད་བར་ཐེ་ཝན་གྱི་སྲིད་འཛིན་ཨ་རི་བརྒྱུད་ནས་སོ་སོའི་ཕྱོགས་མཐུན་རྒྱལ་ཁབ་དག་ཏུ་འཚམས་གཟིགས་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག་ལ། གལ་སྲིད་སང་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་ཐེ་ཝན་གྱི་སྲིད་འཛིན་བར་དངོས་སུ་མཇལ་འཕྲད་གནང་ཚེ། དེ་ཡང་ཨ་རིའི་ས་ཐོག་ཏུ་ཕྱོགས་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་བར་མཇའ་འཕྲད་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
ལོ་འདིའི་ཕྱི་ཟླ་༣ པའི་ནང་དབུས་ཨ་མེ་རི་ཁའི་ནང་ཡོད་པའི་(Honduras) ཞེས་པའི་རྒྱལ་ཁབ་དེ་ཡིས་ཐེ་ཝན་དང་འབྲེལ་བ་བཅད་ནས་རྒྱ་ནག་གཞུང་དང་འབྲེལ་བ་གསར་བཙུགས་བྱས་ཡོད་པར་བརྟེན། བདུན་ཕྲག་སྔོན་མའི་ནང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་བརྒྱུད་དབུས་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་ཏུ་འཚམས་གཟིགས་ཕེབས་ཡོད་འདུག སང་ཉིན་འཚམས་གཟིགས་ཚར་ནས་ཨ་རི་བརྒྱུད་ཐེ་ཝན་དུ་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།