ཐེ་ལན་ཌི་ལ་འབར་གས་ཀྱི་དོན་རྐྱེན་བྱུང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༢ ཏེ། རེས་གཟའ་པ་སངས་ཉིན། ཐེ་ལན་ཌིའི་རྒྱལ་ས་བྷན་ཀོག་དང་ཉེ་བའི་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་ཧུ་ཧིན་ཞེས་པའི་ས་ཆར། འབར་གས་ཀྱི་དོན་རྐྱེན་ཁྲོད་ཤིང་ཏོག་འཚོང་མཁན་གྱི་བུད་མེད་གཅིག་བསད་ཡོད་པ་དང་། གཞན་མི་༡༩ ལ་རྨས་སྐྱོན་ཤོར་ཡོད་འདུག

thilདེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འབར་གས་ཁྲོད་རྨས་སྐྱོན་ཤོར་བ་དེ་དག་གི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་མི་༥ ཡོད་པ་དང་། འབར་གས་གཡུགས་མཁན་སུ་ཡིན་ད་ལྟ་གསལ་པོ་བྱུང་མེད་ནའང་། ས་གནས་ཉེན་རྟོག་པ་སོགས་ཀྱིས་ངོ་ལོག་རུ་ཁག་དང་། རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཞིག་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་པ་ལས། འཇིགས་སྐུལ་རིང་ལུགས་པ་ཡིན་པའི་དོགས་གཞི་བྱེད་ཀྱི་མེད་པ་རེད། ཐེ་ལན་ཌིའི་རྒྱལ་ཁབ་ཀྱི་སྲིད་བློན་པཱར་ཡུ་ཐི་ ཅན་ཨོ་ཅ་(PM Prayuth Chan-ocha) ཡིས་   “འབར་གས་གཡུག་མཁན་ཚོས་སྤྱི་ཚོགས་ནང་ཟིང་འཁྲུག་དང་མི་མང་མགོ་འཐོམ་འཇུག་གི་ཡོད་རེད་”ཅེས་བཤད་ཡོད་འདུག་ལ། ཡང་ཁོང་གིས་“ང་ཚོས་མི་མང་ལ་འཇིགས་སྐུལ་བྱེད་མི་ཉན་”ཞེས་དང་། “ང་ཚོའི་རྒྱལ་ཁབ་སྲ་བརྟན་དང་། དཔལ་འབྱོར་ཡར་རྒྱས། ཡུལ་སྐོར་གྱི་གནས་སྟངས་ཡག་ཏུ་འགྲོ་བཞིན་ཡོད་ན་ཡང་། ག་རེ་བྱས་ནས་འབར་གས་ཀྱི་དོན་རྐྱེན་བྱུང་མིན་དང་། དོན་རྐྱེན་འདི་སུས་བཟོས་མིན་རྩད་གཅོད་བྱེད་དགོས་”ཞེས་བརྗོད་ཡོད་འདུག
སྤྱིར་ཐེ་ལན་ཌི་རུ་སྔོན་མར་ཆབ་སྲིད་ཀྱི་ཐོག་ནས་ལྷིང་འཇགས་མེད་པ་དང་། གློ་བུར་དུ་འབར་གས་ཀྱི་དོན་རྐྱེན་ཆུང་ཙག་མང་པོ་འབྱུང་གི་ཡོད་ཀྱང་། ༢༠༡༤ ལོའི་ཟླ་བ་༣ པ་ནས་བཟུང་དམག་གིས་སྲིད་དབང་བཟུང་རྗེས། འབར་གས་ཀྱི་དོན་རྐྱེན་ཧ་ཅང་དཀོན་པོར་གྱུར་ཡོད་འདུག འོན་ཀྱང་། ཉེ་ཆར་ནས་འབར་གས་ཀྱི་དོན་རྐྱེན་མང་དུ་ཕྱིན་ནས། ད་བར་ཧུའུ་ཧིན་ལ་འབར་གས་གཉིས་གཡུགས་ནས་མི་གཅིག་དང་། སུ་ར་ཏ་ཐ་ནི་(Surat Thani) ལ་འབར་གས་གཉིས་གཡུགས་ནས་མི་གཅིག  ཀྲང་(Trang)ལ་འབར་གས་གཅིག་གཡུགས་ནས་མི་གཅིག་བཅས་རྐྱེན་ལམ་དུ་བཏང་ཡོད་འདུག དེ་བཞིན་ཧྥུ་ཀེ་ཊི་ལ་འབར་གས་གཉིས་གཡུགས་ནས་མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་ཀྱང་གྲངས་ཚད་ངེས་ཅན་གསལ་པོ་མེད་པ་དང་། མདོར་ན། ས་གནས་མང་པོ་ཞིག་ལ་འབར་གས་ཀྱི་དོན་རྐྱེན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད་དེ་རིང་རང་ལ་འབར་གས་༡༡ གཡུགས་ཡོད་པའི་གནས་ཚུལ་འདུག
ད་ཐེངས་འབར་གས་གཡུགས་སའི་ཐེ་ལན་ཌའི་ས་ཆ་ཧུའུ་ཧིན་ནི། ཐེ་ལན་ཌའི་རྒྱལ་པོ་ཆེས་དགའ་མོས་བྱེད་སའི་བྷན་ཀོག་ཕྱི་ལོགས་སུ་ཡོད་པའི་ས་ཆ་ཞིག་ཡིན་འདུག་ལ། ས་ཆ་དེར་རྒྱལ་པོའི་གྲོང་ཁྱེར་ཞེས་གྲགས་ཀྱི་ཡོད་པས། དེར་འབར་གས་གཡུགས་པ་ནི་གནད་དོན་ཆེན་པོ་ཞིག་ཡིན་ཚུལ་ཡང་བཤད་མཁན་ཡོད་པ་རེད་འདུག
ཐེ་ལན་ཌིར་བདུན་ཕྲག་སྔོན་མའི་ནང་མི་མང་གིས་འོས་བླུགས་ནས་འབྱུང་འགྱུར་ལོ་མང་གི་རིང་ལ་ཆབ་སྲིད་ཀྱི་དབང་ཆ་དམག་གི་ལག་ཏུ་འཇོག་རྒྱུའི་རྩ་ཁྲིམས་གསར་པ་ཞིག་ཀྱང་བྱུང་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།