ཐེ་ལན་ཌིའི་ནང་ཡུ་གུར་བ་ཚོས་དམྱལ་བ་ལྟ་བུའི་དཀའ་སྡུག་འཕྲད་བཞིན་ཡོད་པར་བརྗོད།

རྒྱ་ནག་ནས་བྲོས་ཡོང་བའི་ཡུ་གུར་བ་མང་པོ་ཞིག་ཐེ་ལན་ཌིའི་ནང་ལྷག་ཡོད་འདུག་པ་དང་། ད་ཆར་ཡུ་གུར་བ་དེ་དག་ལ་ཚད་ལས་བརྒལ་བའི་དཀའ་སྡུག་འཕྲད་བཞིན་ཡོད་འདུག་ཅིང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཚོས་ཡུ་གུར་བ་དེ་དག་ཕྱིར་རྒྱ་ནག་ལ་སྤྲད་ན་མི་འགྲིག་ཚུལ་རྗོད་ཀྱི་འདུག
ཕྱི་ཚེས་༢༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་ཡུ་གུར་ས་ནང་ཡོད་པའི་ཡུ་གུར་བ་ཚོ་ལ་བཙན་གནོན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡུ་གུར་བ་མང་པོ་ཞིག་ཐེ་ལན་ཌིའི་ནང་བྲོས་ཡོད་ཅིང་། ཕྱིས་སུ་ཕྱི་ལོ་༢༠༡༤ ལོར་ཐེ་ལན་ཌིའི་གཞུང་གིས་ཡུ་གུར་དེ་དག་འཛིན་བཞུང་བྱས་ནས་ཕྱི་ལོ་༢༠༡༥ ལོར་ཡུ་གུར་བ་ཁྱོན་༡༠༩ གནམ་གྲུའི་ནང་བཅུག་ནས་ཕྱིར་རྒྱ་ནག་ལ་སྤྲད་ཡོད་འདུག ད་ཆར་ཐེ་ལན་ཌིའི་ནང་ཚོད་དཔག་བྱས་ན་ཡུ་གུར་བ་༣༥༠ ཙམ་་ཡོད་པ་དང་། ཁོང་ཚོ་ད་ལྟ་ཕྱི་མི་གནས་སྤོ་བའི་འདྲི་རྩད་ཁང་དུ་བཀག་ཉར་བྱས་ཡོད་པར་རྗོད་བཞིན་ཡོད་འདུག ཡུ་གུར་བ་དེ་དག་མང་ཆེ་བ་ནི་ཕྱི་ལོ་༢༠༡༣ དང་༢༠༡༤ ནང་བྲོས་ནས་ཡོང་མཁན་རྐྱང་རྐྱང་ཡིན་འདུག

ཉེ་ཆར་ད་ལྟའི་ཨ་རིའི་སྲིད་འཛིན་ཊོམ་སྲིད་གཞུང་གི་ཕྱི་འབྲེལ་དྲུང་ཆེ་(Marco Rubio)ཡིས་ཐེ་ལན་ཌིའི་ནང་ཡོད་པའི་ཡུ་གུར་བ་དེ་དག་རྒྱ་ནག་ལ་ཕྱིར་སྤྲོད་རྒྱུར་བཀག་འགོག་བྱེད་རྒྱུ་ཡིན་པར་བརྗོད་འདུག་ཀྱང་། ད་ཆར་ཐེ་ལན་ཌིའི་ནང་རྒྱ་ནག་དང་ཚོང་འབྲེལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག་པར་བརྟེན། ཡུ་གུར་བ་དེ་དག་རྒྱ་ནག་ལ་ཕྱིར་སྤྲོད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག ཐེ་ལན་ཌིའི་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་(The People’s Empowerment Foundation)ཟེར་བ་ཞིག་གིས་ཡུ་གུར་བ་དེ་དག་ལ་རོགས་རམ་བྱེད་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པ་ཚོགས་པ་དེའི་འགན་་འཛིན་(Chalida Tajaroensuk)ཟེར་བ་དེ་ཡིས་བརྗོད་ཡོད་འདུག ད་དུང་ཁོང་གིས་བརྗོད་དོན་ལ་ཡུ་གུར་བ་དེ་དག་ཡོད་པའི་བཀག་ཉར་ཁང་དེའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དང་། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་འཇུག་གི་མེད་ཅིང་། ཁྲིམས་རྩོད་པ་སོགས་ཐུག་རྒྱུ་ཧ་ཅང་ཁག་པོ་ཡིན་པར་རྗོད་ཀྱི་ཡོད་འདུག དེ་བཞིན་ཁ་ལག་དང་ཆུ་སོགས་གཞི་རྩའི་དགོས་མཁོ་རྣམས་མི་རག་པ་དང་། སྨན་པ་དང་སྨན་སོགས་རག་རྒྱུ་ཁག་པོ་ཡིན་པའི་རྐྱེན་གྱིས་ད་བར་ཡུ་གུར་བ་ལྔ་ཙམ་ཤི་སྐྱོན་བྱུང་ཡོད་པར་བརྗོད་འདུག མདོར་ན་ཡུ་གུར་བ་དེ་དག་བཀག་ཉར་བྱེད་སའི་གནས་སྟངས་ནི་དམྱལ་བ་ལྟ་བུ་ཡིན་པར་བརྗོད་འདུག

ད་ལྟ་ཏུར་ཀིའི་ནང་ཡོད་པའི་(Niluper)ཟེར་བའི་ཡུ་གུར་བུད་མེད་གཅིག་གིས་བརྗོད་དོན་ལ། ཁོང་གི་ཁྱོ་ག་ཐེ་ལན་ཌིའི་ནང་ཡོད་པའི་བཀག་ཉར་ཁང་དེའི་ནང་ཡོད་པ་དང་། འདས་པའི་ལོ་བཅུ་ཕྲག་གཅིག་རིང་རེ་སྒུག་བྱས་ནས་བསྡད་ཡོད་ཀྱང་། ད་དུང་མོའི་ཁྱོ་ག་ཐུག་ཐུབ་མ་སོང་ཞེས་བྷི་བྷི་སི་གསར་ཁང་ལ་བརྙན་ལམ་ནས་བརྗོད་ཡོད་འདུག བུད་མེད་དེ་ཡིས་བརྗོད་དོན་ལ་ཁོང་གི་ཁྱོ་ག་ནི་ཡུ་གུར་ཁ་ཆེའི་ཆོས་ལུགས་ཀྱི་དཔེ་ཆ་ཀློག་མཁན་ཡིན་པར་བརྟེན། ཁོང་ལ་ཆོས་ལུགས་དར་སྤེལ་གཏོང་གི་ཡོད་ཚུལ་བརྗོད་ནས་རྒྱ་ནག་གཞུང་གིས་དཀའ་ངལ་ཆེན་པོ་སྤྲོད་མྱོང་ཡོད་པར་བརྗོད་འདུག དེ་རྗེས་ཕྱི་ལོ་༢༠༡༤ ཟླ་བ་༣ ནང་ཐེ་ལན་ཌི་ལ་བྲོས་ཡོང་དུས་ཐེ་ལན་ཌིའི་ཉེན་རྟོག་པས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག ཁོང་ཚོ་མཉམ་དུ་ཁྱོན་ཡུ་གུར་བ་མི་༢༢༠ ཡོད་པ་དང་། ཕྱིས་སུ་མོ་དང་མོའི་བྱིས་པ་ཚོ། གཞན་བུད་མེད་འགའ་ཤས་བཅས་མ་ལི་ཤི་ཡ་དང་ཐེ་ལན་ཌི་གཉིས་ཀྱི་ས་མཚམས་སུ་འཛིན་བཟུང་བྱེད་དུས་ཐེ་ལན་ཌིའི་རྒྱལ་ས་བྷན་ཀོག་(Bangkok)བཏང་ཡོད་འདུག་ཅིང་། ཕྱི་ལོ་༢༠༡༥ ལོར་ཏུར་ཀི་རྒྱལ་ཁབ་ལ་བཏང་ཡོད་འདུག ཁོང་མོ་དང་ལྷན་དུ་ཁྱོན་བུད་མེད་དང་བྱིས་པ་༡༧༠ ཡོད་འདུག་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཁོང་མོའི་ཁྱོ་ག་ཐེ་ལན་ཌིའི་ནང་ལྷག་ཡོད་འདུག
ད་ལྟ་ཐེ་ལན་ཌིའི་ནང་ཡོད་པའི་ཡུ་གུར་མི་རིགས་གཞན་རྣམས་མི་གློད་པའི་རྒྱུ་མཚན་ད་དུང་ཤེས་ཀྱི་ཡོད་མི་འདུག་ཀྱང་། ཚོད་དཔག་བྱས་ན་རྒྱ་ནག་གཞུང་གིས་ཐེ་ལན་ཌི་གཞུང་ལ་གནོད་ཤུགས་སྤྲད་ནས་ཕྱིར་རྒྱ་ནག་ལ་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།