ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་འཚོགས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་གཞུང་སྒེར་གྱི་ལས་བྱེད་རྣམས་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་མཉམ་ཞུགས་ཐོག་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས།
བོད་ནང་དུ་བོད་མིས་རྒྱ་གཞུང་ལ་ཞི་རྒོལ་རྒྱ་ཆེན་བྱས་པའི་རྗེས་ཏེ། ཕྱི་ལོ་༡༩༨༩ ཟླ་༣ ཚེས་ ༠༨ ཉིན་མོར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཚད་ལས་འདས་པའི་དྲག་པོའི་ཁྲིམས་གཞི་བསྡམས་པ་ནས་བཟུང་། ད་བར་བོད་མི་རྒྱལ་གཅེས་པ་སེར་སྐྱ་ཕོ་མོ་དང་ལོ་ན་རྒན་གཞོན་སོགས་དབྱེ་བ་མེད་པར་བོད་མི་མང་པོ་ཞིག་རྒྱ་གཞུང་གི་མནར་གཅོད་དང་གཉའ་གནོན་གྱིས་དུས་མིན་རྐྱེན་འདས་སུ་སོང་བ་དང་། དེ་བཞིན་ཉེས་མེད་ཀྱི་བོད་མི་ཁྲི་ཚོ་མང་པོ་བཙོན་དུ་བཅུག་པས་མཚོན་བཟོད་མི་ཐུབ་པའི་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། རྒྱལ་གཅེས་པ་ཁོང་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཤུལ་ལུས་ནང་མི་སྤུན་ཉེ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད།

བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ལྟར་དུས་འདིར་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཞེས་པ་འཚོགས་སྲོལ་ཡོད་པ་དང་། གཞན་ཡང་ཉེ་ཆར་ཁམས་སྡེ་དགེའི་ཕྱོགས་སུ་རྒྱ་གཞུང་གིས་བོད་མི་གནས་སྤོས་ཀྱི་བཙན་བཀའ་ལ་བརྟེན་ནས་ས་གནས་ཀྱི་མི་མང་ཚོར་དཀའ་སྡུག་མང་པོ་མྱོང་བཞིན་ཡོད་པ་སོགས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་དུ། དེ་རིང་ཚེས་༨ ཀྱི་ཉིན་མོར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་གཙོ་རྣམས་ཀྱི་དྲུང་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ། ཚོགས་སྡེ་སྒྲིག་འཛུགས་ཁག་གི་ལས་བྱེད། དེ་བཞིན་སེར་སྐྱ་མི་མང་བརྒྱ་ཕྲག་ལྷག་མཉམ་ཞུགས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།

མཚམས་དེར་བོད་མིའི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དེ་རིང་ཉིན་མོ་དང་འབྲེལ་ཏེ་གསུང་བཤད་དང་གསར་འགོད་པར་དྲི་ལན་གནང་དོན། གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་འདི་ཕྱི་ལོ་ ༡༩༨༧།༡༩༨༨།༡༩༨༩ ལོར་བོད་ནང་མི་མང་གིས་ཞི་བའི་ལས་འགུལ་སྤེལ་ཏེ་སྐབས་དེ་དུས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཧུའུ་ཅིན་ཐའོ་ཡིས་དྲག་པོའི་ཁྲིམས་བསྡམ་རྒྱུའི་དུས་ཚོད་ཁེལ་ཡོད། དེར་བརྟེན་བོད་བསྟན་སྲིད་ཀྱི་དོན་དུ་བོད་མིའི་ཚང་མས་འབད་འབུངས་བྱས་ནས་སྐུ་ལས་བསྐྱོན་པ་དང་། སྲོག་བློས་བཏང་བ། བཙོན་ཁང་དུ་ཡུན་རིང་མནར་དགོས་པ་སོགས་དེ་འདྲའི་དཀའ་ངལ་མང་དག་ཅིག་མྱོང་གི་ཡོད་ཀྱང་ད་དུང་ཡིན་ནའང་བོད་སྤྱི་པའི་རྩ་དོན་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་འཚེ་བ་མེད་པའི་ཐོག་ནས་ལས་འགུལ་རབ་དང་རིམ་པ་སྤེལ་ཏེ་འགྲོ་བཞིན་ཡོད་པ་འདིའི་དྲན་རྟེན་ཆེད། གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་ཀྱི་ཡོད་པ་རེད་ཅེས་དང་། དེ་བཞིན་ད་ལྟའི་འཆར་ཁམས་སྡེ་དགེ་ཁུལ་དུ་མི་མང་ནས་འཚེ་བ་མེད་པའི་ཐོག་ནས་འབོད་སྐུལ་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་མང་གི་མངོན་འདོད་ལ་བསམ་ཤེས་མེད་པའི་ཐོག་ནས་འཛིན་བཟུང་དང་བཙོན་འཇུག་གིས་ཁམས་སྡེ་དགེ་ཁུལ་དང་འཇོ་མདའ་རྫོང་ཁུལ་དུ་མི་མང་པོ་ཞིག་སྡུག་བསྔལ་གྱིས་མནར་བཞིན་ཡོད་སྟབས། དེ་དག་ལའང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།
གནས་ཚུལ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་སོགས་ལས་བཏུས།
གསར་འགོད་པ། བསྟན་འཛིན་ལམ་བཟང་།