ཐེངས་འདིའི་འོས་ཐོབ་ང་ལ་རྒྱལ་ཁ་ཡིན་བསམ་གྱི་མི་འདུག་ཅེས་གསུངས་སོང་།
སྲིད་སྐྱོང་འོས་བསྡུའི་རྒྱལ་ཁ་བློ་བཟང་སེང་གེ་ལ་ཐོབ་ཡོད་པ་གཞུང་འབྲེལ་གསལ་བསྒྲགས་བྱས་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་ལ་དེའི་སྐོར་བཅར་འདྲི་ཞུས་པར། ཁོང་གིས། “༧གོང་ས་མཆོག་གིས་མང་གཙོ་གསོལ་རེས་གནང་བ་དེའི་ནང་ཆ་ཤས་ལེན་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་། འོས་བསྡུ་སྐབས་སྔོན་མའི་སྔོན་འགྲོ་དང་དངོས་གཞི། ཐེངས་འདིའི་སྔོན་འགྲོ་དངོས་གཞིའི་སྐབས་ལ་བལྟས་ན་འོས་བསྡུའི་ཆ་ཤས་ལེན་མཁན་མང་དུ་སོང་ཡོད་པས། མི་མང་གིས་དོ་སྣང་དང་འགན་ཁུར་གྱི་ཡོད་པ་གསལ་པོ་དང་། མང་གཙོ་བརྟན་དུ་འགྲོ་ཡི་ཡོད་པ་གསལ་པོ་རེད་ཅེས་གསུངས་སོང་།
ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་འབྲེལ་ནས་གསུང་དོན། “༢༠༡༡ ལོ་དང་། ཐེངས་འདིའི་འོས་བསྡུའི་ནང་ང་ལ་མི་མང་གིས་འགན་ཞིག་གནང་བ་དང་། ངས་འགན་དེ་བསྒྲུབ་དགོས་པ་རེད། དེ་མིན་ད་ཐེངས་ང་ལ་རྒྱལ་ཁ་ཡིན་བསམ་གྱི་མི་འདུག མི་མང་གིས་བསྐྱར་དུ་འགན་གནང་སོང་བ་དེ་སེམས་ལ་ཉར་ནས་དེ་སྔོན་དཀའ་ལས་བརྒྱབ་པ་བཞིན། མུ་མཐུད་དཀའ་ལས་རྒྱག་རྒྱུའི་དམ་བཅའ་གཙང་མ་ཡོད་”ཅེས་གསུངས་སོང་།
ཁོང་གིས། རྒྱ་ནག་གཞུང་ལ་བརྡ་ལན་དང་འབྲེལ་ནས་གསུང་དོན། “ད་ཐེངས་མང་གཙོའི་འགྲོ་སྟངས་ཐོག་ནས་རྒྱ་ནག་ལ་བརྡ་ལན་གསལ་པོ་བཏང་ཡོད་པ་རེད། བཙན་བྱོལ་ནང་བོད་མི་ཉུང་ཤས་ཡིན་ནའང་། ང་ཚོས་རྒྱལ་སྤྱིའི་ཐོག་གི་འགྲོ་སྟངས་དང་མཐུན་པའི་མང་གཙོ་ལག་བསྟར་བྱེད་ཀྱི་ཡོད་པའི་བརྡ་ལན་རྒྱ་ནག་གཞུང་ལ་གཏོང་གི་ཡོད་པ་རེད། གང་ཡིན་ཟེར་ན་བོད་ནང་གི་བོད་མི་ཚོར་གཞི་རིམ་གྱི་རང་དབང་མེད་པ་དང་། མང་གཙོ་མེད་པ་གསལ་པོ་ཡིན་པས། རྒྱ་ནག་གཞུང་གིས་ཐུགས་སྣང་དགོས་པ་ཞིག་རེད་”ཅེས་དང་། “རྒྱ་གར་གཞུང་མང་གཉིས་ཀྱི་ཐོག་ནས་དགའ་སྤོབས་བྱེད་འོས་པ་དང་། ངའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་གྱི་མང་གཙོ་འགྲོ་ལུགས་འགྲོ་སྟངས་གཞིར་བཞག་ནས་ང་ཚོས་ཐུན་མོང་མ་ཡིན་པ་དང་། ཡང་དག་པའི་མང་གཙོའི་ཐོག་འགྲོ་ཡི་ཡོད་པ་གསལ་པོ་རེད། རྒྱལ་སྤྱིའི་ཐོག་ནས་ལུང་པ་ག་འདྲ་ཡིན་ནའང་མང་གཙོ་ཡོད་མེད་དང་། རྒྱལ་ཁབ་ཡོད་མཁན་ཡིན་ནའང་། མང་གཙོ་མེད་པ་དང་མི་མང་ལ་རང་དབང་མེད་པའི་སྐོར་ལ་བགྲོ་གླེང་ཆེན་པོ་འགྲོ་ཡི་ཡོད་པས། ང་ཚོ་སྐྱབས་བཅོལ་བ་ཉུང་ཤས་ཤིག་གིས་མང་གཙོ་ལག་བསྟར་གནང་ཡོང་དུས། རྒྱལ་སྤྱིའི་ཐོག་ནས་དོ་སྣང་དགོས་པ་དང་། དེ་སྔོན་རྒྱབ་སྐྱོར་ཡོད་པ་དེ་མུ་མཐུད་གནང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད་”ཅེས་གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེས། “དོན་གྱི་བདག་པོ་བོད་ནང་གི་བོད་མི་ཡིན་པས། ཁོ་རང་ཚོས་ངོས་ནས་ཀྱང་བཙན་བྱོལ་སྒྲིག་འཛུགས་མཐོང་དུས། མ་འདྲ་བ་ཞིག་འདུག ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་མང་གཙོའི་ལམ་ལུགས་ཐོག་འགྲོ་ཡི་འདུག་བསམ་ནས་ཁོང་ཚོས་ཡིད་ཆེས་དང་རེ་བ་བྱེད་ས་ཞིག་ཆགས་ཡོད་པ་རེད་”ཅེས་གསུངས་སོང་།
ཁོང་གིས་འོས་བསྡུའི་སྐབས་ཀྱི་སྐྱོན་ཆ་དང་འབྲེལ་ནས་གསུང་དོན། “ད་ལོའི་སྔོན་འགྲོ་བར་དུ་འོས་བསྡུའི་འགྲོ་སྟངས་དེ་ང་རང་ཚོས་རེ་བ་བྱས་པ་བཞིན། ཆོལ་ཁ་དབྱེར་མེད། ཆོས་ལུགས་རིས་མེད། རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་འགྲོ་ཐུབ་པ་རེད། དངོས་གཞིའི་སྐབས་སུ་གང་འཚམས་འཁྲུགས་ཆ་དོད་པོ་ཆགས་པ་དང་། གནས་ཚུལ་ཡང་གང་འཚམས་ཆགས་པ་དེ་བློ་ཕམ་གྱི་གནས་ཚུལ་རེད། ང་རང་སྒེར་ལ་སེམས་འཚབ་ཡོད། ཡིན་ཡང་མི་མང་གིས་གོ་སྐབས་གཉིས་པ་གནང་ཡོང་དུས། དེ་སྔོན་གྱི་བཀའ་ཤག་གི་ལྟ་གྲུབ་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་ཡོད་པ་བཞིན། གཙོ་བོ་ཆིག་སྒྲིལ་ཐོག་ལ་དབྱེ་འབྱེད་མེད་པའི་སྤྱི་ཚོགས་ཤིག་ཡོང་ཐབས་སུ་ནུས་ཤུགས་འདོན་རྒྱུ་ཡིན། ཆིག་སྒྲིལ་བྱུང་ན་བཙན་བྱོལ་ནང་མི་ཉུང་ཉུང་ལས་མེད་ནའང་། ནུས་པ་དེ་གཅིག་ཏུ་སྤུངས་ཐུབ་ཀྱི་རེད་”ཅེས་གསུངས་སོང་།
འདི་གའི་གསར་འགོད་པས། སྐུ་ཉིད་འོས་མིའི་ནང་བཞེངས་སྐབས་ཀྱི་མཚན་དང་། དྭང་བླངས་དཔྱ་ཁྲལ་ལག་དེབ་ཐོག་གི་མཚན་གཉིས་མ་འདྲ་ཆགས་འདུག་ཅེས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་པས། དེའི་ཐོག་རྩོད་ལེན་ག་འདྲ་དགོས་པ་རེད་ཅེས་དྲིས་པར། ཁོང་གིས། “དེ་ཁྲིམས་ཁང་ལ་བསྐྱལ་ཡོད་པས། ཁྲིམས་ཀྱི་འགྲོ་སྟངས་ལྟར་དེའི་ཐོག་བཀའ་མོལ་གནང་རྒྱུའི་ལུགས་སྲོལ་ཡོད་པ་མ་རེད། ངའི་མིང་བློ་བཟང་སེང་གེ་ཡིན་པ་ཆུང་ཆུང་སྐབས་ནས་ད་ལྟ་ལོ་༥༠ ཟིན་གྲབས་འདུག དེའི་བར་རྩོད་མེད་རེད། ད་ལྟ་དེའི་ཐོག་རྩོད་རྒྱུ་ཞིག་ཡོད་པ་རེད་བསམ་གྱི་མི་འདུག ཡིན་ཡང་ཁྲིམས་ཁང་ལ་སྐྱེལ་མཁན་གྱིས་བསྐྱལ་རེད། ཁྲིམས་ཐག་ཆད་ཡོང་གི་རེད་”ཅེས་ལན་འདེབས་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
འོས་བསྡུ་ལས་ཁང་དང་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ཁྲིམས་གཏུག