ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་ལ་བློ་ཕམ་བྱུང། བཙན་བྱོལ་བོད་མིའི་རྒྱལ་ཡོངས་དངོས་གཞིའི་འོས་བསྡུ་ཆེན་མོ།
སྲིད་སྐྱོང་འོས་མི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེས་རྒྱ་གཞུང་གིས་བཙན་བྱོལ་བོད་པའི་མང་གཙོ་ལག་བསྟར་བྱེད་པའི་མིག་དཔེ་བཟང་པོར་བལྟ་དགོས་སྐོར་དང། སྲིད་སྐྱོང་འོས་མི་གཞན་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་འོས་བསྡུ་དེས་རྒྱ་གཞུང་ལ་བཙན་བྱོལ་བོད་པ་ཚོས་མང་གཙོ་ཚད་ལྡན་ལག་བསྟར་བྱེད་ཀྱི་ཡོད་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་སོང།
ཟླ་འདིའི་ཚེས་༢༠ ཉིན་བལ་ཡུལ་ཕུད་པའི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་བཀའ་ཤག་སྐབས་༡༥ པའི་སྲིད་སྐྱོང་དང་སྤྱི་འཐུས་སྐབས་༡༦ གི་བཙན་བྱོལ་བོད་མིའི་རྒྱལ་ཡོངས་དངོས་གཞིའི་འོས་བསྡུ་ལ་མཉམ་ཞུགས་བྱས་ཡོད་པ་དང། ཐེངས་འདིའི་འོས་བསྡུ་ལ་མི་མང་དེབ་སྐྱེལ་བྱེད་མཁན་ཁྲི་༩ ལྷག་ཡོད་པ་དང། ས་གནས་འོས་བསྡུ་ལས་ཁང་༦༠ ཡི་འོག་ཚོགས་མི་༨༠༠ ཡི་འོས་བསྡུ་སྟངས་འཛིན་བྱེད་ཀྱི་ཡོད་པ་རེད། ཟླ་འདིའི་ཚེས་༡༨ སྔོན་ནས་བལ་ཡུལ་དུ་གསང་བའི་ཐོག་ནས་འོས་བསྡུ་བྱས་ཡོད་འདུག འབྲུག་ལ་ཟླ་འདིའི་ཚེས་༡༨ ཉིན་གསང་བའི་ངང་འོས་བསྡུ་བྱས་ཡོད་འདུག
དྷ་ས་གངས་སྐྱིད་དུ་ཞོགས་པ་ཆུ་ཚོད་༩ པའི་སྔོན་ནས་ཉེ་འཁོར་དུ་སྡོད་མཁན་བོད་རིགས་མང་དག་ཞིག་རུ་བསྒྲིགས་ནས་བསྡད་འདུག་པ་དང། རྒན་རྒོན་ལུས་མི་གཅོག་པ་ཁག་ཅིག་རང་ཉིད་ཀྱི་ནང་མི་སྤུན་མཆེད་ཀྱིས་གདེགས་བཞིན་འོས་འཕེན་པར་སླེབས་འདུག་པ་དང། ཟླ་འདིའི་ཚེས་༢༡ ཉིན་ནས་གྲོས་ཚོགས་འཚོགས་ཀྱི་ཡོད་པས། ཡུ་རོབ་དང་བྱང་ཨ་རིའི་སྤྱི་འཐུས་རྣམ་གྱིས་རང་ཁུང་གི་སྤྱི་འཐུས་ལ་འོས་འཕེན་ཆེད་དབུས་འོས་བསྡུ་ལས་ཁུངས་ཀྱིས་འོས་སྒམ་ལོགས་སུ་གྲ་སྒྲིག་བྱས་འདུག
ཐེེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་དེ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་གིས་དོ་སྣང་བྱེད་བཞིན་ཁར། དངོས་གཞིའི་འོས་བསྡུར་རྟོག་ཞིབ་བྱེད་པར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་བརྒྱད་སླེབས་འདུག་པ་དང། ཁོང་ཚོས་ཟླ་འདིའི་ཚེས་༢༡ ཉིན་བོད་ཀྱི་འོས་བསྡུ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན་པ་རེད།
འོས་འཕེན་མཁན་ཁྲོད་སྨན་རྩིས་ཁང་མཐོ་སློབ་ཀྱི་སློབ་ཕྲུག་བསྟན་འཛིན་དགེ་ལེགས་ལ་དེ་རིང་དངོས་གཞིའི་འོས་བསྡུ་མཇུག་བསྒྲིལ་བ་ཡིན་པས་ཚོར་སྣང་གང་བྱུང་དྲིས་པར། ཁོང་གིས་”དེ་རིང་ང་རང་༧གོང་ས་མཆོག་གིས་གསོལ་རས་གནང་བའི་མང་གཙོ་དེ་ལོངས་སུ་སྤྱད་རྒྱུ་བྱུང་བར་སེམས་པ་དགའ་པོ་བྱུང། སྤྱིར་བཏང་བྱས་ན་ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་ཁྲོད་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཞིག་བྱུང་ཡོད་པ་རེད་དེ། མང་གཙོའི་ཐོབ་ཐང་དང་འགན་གཉིས་བླངས་ཏེ། གཞན་གྱིས་བསླུ་ཁྲིད་འོག་ཏུ་མ་སོང་བར་རང་ཐག་རང་གཅོད་ཐོག་ནས་མང་གཙོ་ཡང་དག་པའི་འགྲོ་སྟངས་འོག་འོས་འཕེན་རྒྱུ་བྱུང་བས་སེམས་ཚོར་དགའ་པོ་བྱུང་”ཅེས་དང། ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་ལ་སེམས་ཚོར་གང་བྱུང་སྐོར་དྲིས་པས། ཁོང་གིས་”ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་རིང་པོ་དང་སྤྱི་ཚོགས་ནང་ལབ་གླེང་མང་པོ་བྱུང་ཡོད་རེད། ད་ལོ་སྔར་དང་མི་འདྲ་བར་འཐེན་ཁྱེར་ཤུགས་ཆེན་གྱི་གནས་ཚུལ་བྱུང་ཡོད་པས། དེ་ནི་བློ་ཕམ་གྱི་གཞི་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད་དེ། ང་ཚོས་བློ་ཕམ་བྱས་ནས་མ་བསྡད་པར་མ་འོངས་པར་མང་གཙོ་ཡང་དག་པ་མདུན་སྐྱོད་ག་འདྲ་བྱེད་དགོས་མིན་ཐོག་བསླབ་བྱ་ལེན་རྒྱུ་གལ་ཆེན་མཐོང་སོང།”ཞེས་དང། ཆོལ་ཁའི་སྐྱིད་སྡུག་ཁག་ནས་སྲིད་སྐྱོང་འོས་མི་བཏོན་པ་དེར་བསམ་ཚུལ་གང་ཡོད་དྲིས་པར། ཁོང་གིས་”དེ་ལ་ང་རྩ་བ་ཉིད་ནས་ཁས་ལེན་མེད། གང་ཡིན་ཟེར་ན་མང་གཙོའི་ནང་མི་མང་གཙོ་བོ་ཡིན་པ་དང་བྱེད་སྟངས་དེ་མང་གཙོ་དང་མཐུན་གྱི་མི་འདུག་པ་མ་ཟད། ཆོལ་ཁའི་སྐྱིད་སྡུག་ཁག་གི་བཏོན་པའི་འོས་མིར་ཆོལ་ཁ་དེའི་མི་མང་གིས་རྒྱབ་སྐྱོར་བྱེད་དགོས་པ་འདྲ་བོའི་བསམ་ཚུལ་ཤུགས་ཆེན་བྱུང་སོང་བས། དེ་ཏག་ཏག་ཞིག་བསྡད་ཀྱི་མི་འདུག་པས། ང་རང་དེ་ལ་མཐའ་གཅིག་ཏུ་ནས་དགག་པ་ཡོད་”ཅེས་ལན་འདེབས་བྱས་སོང།
དེ་བཞིན་གངས་སྐྱིད་ཀྱི་ཉེ་འགྲམ་དུ་སྡོད་མཁན་དོན་གྲུབ་བཀྲ་ཤིས་ལ་དེ་རིང་དངོས་གཞིའི་འོས་བསྡུ་མཇུག་བསྒྲིལ་བ་ཡིན་པས་ཚོར་སྣང་གང་བྱུང་དྲིས་པར། ཁོང་གིས་”དེ་རིང་བོད་མི་རྒན་གཞོན་དབྱེ་མེད་ཀྱིས་འགན་བླངས་ཏེ་འོས་བསྡུ་ལ་མཉམ་ཞུགས་བྱས་སོང་བས་སེམས་པ་སྐྱིད་པོ་ཞེ་དྲག་བྱུང་སོང།”ཞེས་དང། ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་ལ་སེམས་ཚོར་གང་བྱུང་སྐོར་དྲིས་པས། ཁོང་གིས་”ང་རང་སྒེར་གྱི་ཐོག་ནས་བཤད་ན་ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་ལ་བློ་ཕམ་བྱུང་སོང། གང་ཡིན་ཟེར་ན་མི་མང་ནང་ལ་ཁ་ནས་ཆོལ་ཁ་ཆོས་ལུགས་བརྩི་རྒྱུ་ཡོད་པ་མ་རེད་ཟེར་བ་དང་ལག་ལེན་ལ་སོ་སོའི་ཕ་ཡུལ་གཅིག་པ་ལ་འཐེན་འཁྱེར་བྱེད་པ། སྤྱི་ཚོགས་དྲ་རྒྱའི་ཐོག་ཁུངས་མེད་ཀྱི་སྐྱོན་བརྗོད་མང་པོ་བྱས་ནས་སྤྱི་ཚོགས་ནང་བརྡབ་གསིག་དང་ཆིག་སྒྲིལ་ལ་གནོད་པ་མང་པོ་བྱུང་སོང་བས། མི་མང་པོ་ཞིག་ལ་སེམས་འཚབ་བྱུང་ཡོད་པ་མཐོང་བྱུང།”ཞེས་དང། ཆོལ་ཁའི་སྐྱིད་སྡུག་ཁག་ནས་སྲིད་སྐྱོང་འོས་མི་བཏོན་པ་དེར་བསམ་ཚུལ་གང་ཡོད་དྲིས་པར། ཁོང་གིས་”ང་རང་སྒེར་གྱི་ངོས་ནས་དེ་མཐའ་གཅིག་ཏུ་ནས་ཡག་པོ་མཐོང་གི་མི་འདུག གང་ཡིན་ཟེར་ན་ཆོལ་ཁའི་སྐྱིད་སྡུག་གཅིག་གིས་འོས་མི་བཏོན་པ་དེ་ཆོལ་ཁ་དེའི་མི་མང་ཚང་མས་ཁས་ལེན་ཡོད་པ་འདྲ་བོ་ཆགས་འགྲོ་ཡི་འདུག་པ་དང། དེས་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་བཟོ་ཡི་འདུག་པས། དེ་ཡག་པོ་མི་འདུག”ཅེས་ལན་འདེབས་བྱས་སོང།
སྔོན་འགྲོའི་འོས་བསྡུ་ལ་དེབ་སྐྱེལ་བྱེད་མཁན་གྲངས་ ༨༧༡༧༩བྱུང་ཡོད་འདུག་པ་དང་། སྔོན་འགྲོའི་རྗེས་སུ་དེབ་སྐྱེལ་གྱི་གོ་སྐབས་གསར་པར་དམ་འཛིན་བྱས་ནས་དེབ་སྐྱེལ་འཕར་མ་བྱེད་མཁན་ ༢༨༠༠བྱུང་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།